《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月14日

མཁའ་འདྲི་ཨང་དང་པོ་རྟགས་ཅན་གྱི་ལས་འགན་དེ་ལས་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ཨང་དང་པོ་6མངོན་འགྱུར་བྱུང་བ།

2030ལོའི་སྔ་རྗེས་སུ་སྐར་མ་མིག་དམར་ནས་མ་དཔེ་ཟུར་ལེན་བྱས་རྗེས་ཕྱིར་ལོག་གི་ལས་འགན་བསྒྲུབ་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། མཁའ་འདྲི་ཨང་དང་པོ་རྟགས་ཅན་གྱི“སྐོར་བབ་ལྟ”གསུམ་གྱི་དམིགས་ཡུལ་ཡོངས་སུ་གྲུབ་པ་དང་རང་རྒྱལ་གྱིས་སྐར་མ་མིག་དམར་ལ་འཚོལ་ཞིབ་ཐིག་ལེན་བྱེད་པའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བའི་སྐབས་འདིར། རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་ཟླ་6ཚེས་12ཉིན་པེ་ཅིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཞུས་ཧུང་ལེང་གིས་མཁའ་འདྲི་ཨང་དང་པོ་རྟགས་ཅན་གྱི་ལས་འགན་ལེགས་གྲུབ་བྱུང་བ་ནི་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་གི་རང་ཚུགས་གསར་གཏོད་དང་མཆོང་སྐྱོད་འཕེལ་རྒྱས་ཀྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཤིག་ཡིན་པ་དང་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ཨང་དང་པོ་6མངོན་འགྱུར་བྱུང་ཡོད་ཅེས་བརྗོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཨང་དང་པོ་6སོ་སོ་སྟེ། གཅིག་ནི་སའི་གོ་ལ་ནས་སྐར་མ་མིག་དམར་བར་གྱི་འཕོ་སྒྱུར་འཁོར་ལམ་གྱི་འཚོལ་ཞིབ་ཡོ་བྱད་འཕེན་གཏོང་ཐེངས་དང་པོ་བྱས་པ་དང་། གཉིས་ནི་རྒྱུ་སྐར་ཚོགས་ལ་འཕུར་སྐྱོད་ཐེངས་དང་པོ་བྱས་པ། གསུམ་ནི་སའི་གོ་ལའི་ཕྱི་རོལ་གྱི་རྒྱུ་སྐར་སྟེང་ལྷོད་བབ་ཐེངས་དང་པོ་བྱས་པ། བཞི་ནི་སའི་གོ་ལའི་ཕྱི་རོལ་གྱི་རྒྱུ་སྐར་ངོས་སུ་སྐོར་ལྟ་འཚོལ་ཞིབ་ཐེངས་དང་པོ་བྱས་པ། ལྔ་ནི་བར་ཐག་སྤྱི་ལེ་དུང་ཕྱུར་14ཡི་ས་ནས་ཚད་ལེན་ཚོད་འཛིན་གྱི་འཕྲིན་གཏོང་ཐེངས་དང་པོ་བྱས་པ། དྲུག་ནི་མཐོང་ཐོས་མྱོང་གྲུབ་ཀྱི་སྐར་མ་མིག་དམར་གྱི་ཚན་རིག་གྲངས་གཞི་ཐེངས་དང་པོ་ཐོབ་པ་བཅས་རེད། “འཛམ་གླིང་གི་འཇིག་རྟེན་འཕུར་སྐྱོད་ཀྱི་ལོ་རྒྱུས་ཐོག་མཁའ་འདྲི་ཨང་དང་པོ་རྟགས་ཅན་གྱིས་སྐར་མ་མིག་དམར་སྟེང་ཀྲུང་གོ་བའི་རྐང་རྗེས་ཐེངས་དང་པོར་བཞག་པ་མ་ཟད། ད་དུང་ལས་འགན་ཐེངས་གཅིག་སྒྲུབ་པ་བརྒྱུད། སྐར་མ་མིག་དམར་གྱི་མཐའ་ནས་སྐོར་རྒྱུ་དང་། སྟེང་དུ་འབབ་རྒྱུ། སྐོར་ལྟ་བྱ་རྒྱུ་བཅས་ཀྱི་དམིགས་ཡུལ་ཆེན་པོ་གསུམ་ཡང་ཐེངས་དང་པོ་ལེགས་པར་བསྒྲུབས་ཡོད། དེ་ཐོག་ནས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པའི་བློ་གྲོས་གང་ལེགས་མངོན་གྱི་ཡོད་ལ། རྒྱུ་སྐར་འཚོལ་ཞིབ་ཁྱབ་ཁོངས་སུ་རང་རྒྱལ་འདི་ཉིད་འཛམ་གླིང་གི་སྔོན་ཐོན་གྲལ་སྟར་ལ་སླེབས་པའང་མཚོན་གྱི་ཡོད”ཞུས་ཧུང་ལེང་གིས་རང་རྒྱལ་གྱི་སྐར་མ་མིག་དམར་ལ་འཚོལ་ཞིབ་ཐིག་ལེན་བྱེད་པའི་ལས་འགན་ཨང་དང་པོ་དེའི་ཚད་གཞི་མཐོ་པོ་དང་། དཀའ་གནད་ཆེན་པོ། འགྲན་སློང་མང་པོ་བཅས་ཡོད། རིགས་པས་ཁུངས་སྐྱེལ་བྱེད་པའི་དུས་མཚམས་ཁོ་ན་ནས་ཁོར་ཡུག་གསར་པ་དང་། བར་ཐག་རིང་བ། དུས་ཁྱད་ཆེ་བ། ལྷུ་ཚིགས་མང་བ་སོགས་ཀྱི་དཀའ་གནད་མང་པོ་ཞིག་འཕྲད་ཡོད་ཅེས་བརྗོད་པ་རེད།

རང་རྒྱལ་གྱི་སྐར་མ་མིག་དམར་ལ་འཚོལ་ཞིབ་ཐིག་ལེན་ལས་འགན་གྱི་སྤྱི་ཁྱབ་ཇུས་འགོད་པ་ཀྲང་རུང་ཆའོ་ཡིས་ཀྲུང་གོའི་རྒྱུ་སྐར་འཚོལ་ཞིབ་ཐིག་ལེན་ལས་གྲྭ་དེ་སྤྱི་ཡོངས་ནས་འཆར་འགོད་དང་། ཁག་དབྱེ་ནས་ལག་བསྟར། རྒྱུན་མཐུད་ནས་འཕེལ་རྒྱས་བཅས་ཀྱི་རྩ་བའི་རྩ་དོན་མཐའ་འཁྱོངས་བྱས་པའི་ཁར། ལས་གྲྭའི་ལག་རྩལ་འཕེལ་རྒྱས་དང་གཙོ་གནད་ཚན་རིག་གནད་དོན་ལ་ཞིབ་འཇུག་གི་དགོས་མཁོར་སྤྱི་འདོམས་བསམ་གཞིག་བྱས་ཏེ། 2030ལོའི་གོང་དུ་སྐར་མ་མིག་དམར་ལ་འཚོལ་ཞིབ་ཐིག་ལེན་བྱ་རྒྱུ་གཙོ་གནད་དང་གཙོ་ཕྱོགས་སུ་བྱེད་པ་དང་སྦྲགས“གོམ་སྟབས་དང་པོར་སྐོར་བབ་ལྟ་གསུམ་བྱ་རྒྱུ་དང་གོམ་སྟབས་གཉིས་པར་མ་དཔེ་ཟུར་ལེན་བྱ་རྒྱུའི”ལམ་ཕྱོགས་གཞིར་བཟུང་བྱ་རྒྱུ་ཡིན་པ་གསལ་པོར་བཏོན་ཡོད་ཅེས་བརྗོད་པ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་བསྟན་བཟང་གིས་ཞུས)