《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月14日

རྒྱལ་ཡོངས་ཀྱི་གྲོ་བརྔ་བསྡུ་བྱེད་ཚད་བཅུ་ཆ་དྲུག་ལྷག་ཙམ་ཟིན་པ།

འཕྲུལ་བསྡུའི་བསྡུར་གྲངས་98%ལྷག་ཙམ་ཟིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་11ཉིན་གྱི་ཆུ་ཚོད་17ཙམ་བར། རྒྱལ་ཡོངས་ཀྱིས་གྲོ་མུའུ་དུང་ཕྱུར་2.18བརྔ་བསྡུ་བྱས་པའི་ནང་འཕྲུལ་བསྡུ་མུའུ་དུང་ཕྱུར་2.15ཟིན་པ་དང་། ཉིན་རེར་འཕྲུལ་བསྡུ་མུའུ་ཁྲི་1482བྱས་པ། ཉིན་དེར་གྲོ་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་ཁྲི་24.5བཏང་བ་བཅས་བྱས་ཤིང་། ཨན་ཧུའེ་ཡི་གྲོ་བརྔ་བསྡུ་གཞི་རྩའི་ཆ་ནས་མཇུག་འགྲིལ་བ་དང་། ཧོ་ནན་མཇུག་བསྡུ་བའི་དུས་མཚམས་སུ་སླེབས་པ། ཅང་སུའུ་ཡིས་བཅུ་ཆ་བདུན་དང་ཕྱེད་ཙམ་ལེགས་སྒྲུབ་བྱས་པ། ཧྲའན་ཤིས་ཀྱིས་བཅུ་ཆ་དྲུག་ཙམ་ལེགས་སྒྲུབ་བྱས་པ། ཧྲན་ཤིས་ཀྱིས་བཅུ་ཆ་བཞི་ཙམ་ལེགས་སྒྲུབ་བྱས་པ། ཧྲན་ཏུང་གིས་བཅུ་ཆ་གསུམ་དང་ཕྱེད་ཙམ་ལེགས་སྒྲུབ་བྱས་པ། ཧོ་པེས་བཅུ་ཆ་གཉིས་ཙམ་ལེགས་སྒྲུབ་བྱས་པ་བཅས་རེད།

ཟླ་5པའི་ཟླ་སྨད་ནས་བཟུང་། ས་གནས་ཁག་གིས་འབྲུ་རིགས་འཕྲུལ་བསྡུ་བྱས་ནས་འཕྲོ་བརླག་ཉུང་གཏོང་གི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ཟླ་བ་དང་། ཞིང་ནང་དངོས་འཐབ་ཀྱི་འགྲན་བསྡུར་ཆེ་མོ། ཞིང་འཕྲུལ་བཀོལ་སྤྱོད་པའི་རེས་སྐོར་གསོ་སྦྱོང་ཆེ་མོ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་རྒྱ་ཁྱབ་ངང་སྤེལ་ཞིང་། རྒྱ་ཆེའི་ཞིང་དུད་ཀྱི“འཕྲོ་བརླག་ཉུང་གཏོང་ནི་ཐོན་འབབ་མང་དུ་གཏོང་བ་ཞིག་ཡིན་པའི”འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་སོང་བ་དང་། ཞིང་འཕྲུལ་བཀོལ་སྤྱོད་པའི་འགྲན་སློབ་སྙེག་བརྒལ་གྱི་དཔེ་སྟོན་བཀོལ་སྤྱོད་དང་བརྔ་བསྡུའི་རྩལ་ནུས་ལེགས་གཏོང་གི་སྤྲོ་སེམས་ཆེ་རུ་སོང་བ་མ་ཟད། འདི་ལོའི་གྲོ་བསྡུའི་ལས་སྒོར་ཡུལ་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་གྲོ་ཞིང་བརྔ་ཁྱོན་དང་ཞིང་འཕྲུལ་གྱི་དཔྱད་གྲངས་ལེགས་སྒྲིག་བྱ་རྒྱུར་དེ་བས་དོ་སྣང་དང་། གྲོ་ཡོངས་སུ་མ་སྨིན་གོང་ནས་བརྔ་བསྡུ། གྲོ་རྡོག་མི་ཟགས་པ་བཅས་ཀྱང་བྱས་ཡོད། གཞན་ཡང་། ཞིང་ལས་གྲོང་གསེབ་པུའུ་དང་གཙོ་ཐོན་ཞིང་ཆེན་ཁག་གིས་ལས་དོན་ཚོགས་ཆུང་མང་པོ་གྲོ་བསྡུའི་འཐབ་ཕྱོགས་དང་པོར་མངགས་ཏེ། ས་གནས་ཀྱིས“དབྱར་གསུམ”གྱི་དོ་དམ་ཞབས་ཞུའི་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་བྱེད་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་བརྔ་བསྡུའི་སྤུས་ཚད་མཐོ་རུ་གཏོང་བ། འཕྲུལ་བསྡུའི་འཕྲོ་བརླག་སྔར་བས་ཉུང་དུ་གཏོང་བ་བཅས་བྱས་ཡོད་པ་རེད།

རིམ་ཁག་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་འཕེལ་སྒྱུར་དང་། འགྲིམ་འགྲུལ། སྤྱི་བདེ། གནམ་གཤིས། རྡོ་སྣུམ་དང་རྡོ་སྣུམ་རྫས་འགྱུར་སོགས་ཀྱི་སྡེ་ཚན་དང་མཉམ་ལས་དམ་ཟབ་བྱས་ཏེ། “དབྱར་གསུམ”གྱི་འཕྲུལ་འཁོར་སྣུམ་སྔོན་ལ་མཁོ་འདོན་དང་། སྣུམ་རིན་གཟིགས་སྐྱོང་། ས་ཁོངས་བརྒལ་བའི་ལས་སྒྲུབ་འཕྲུལ་འཁོར་ལམ་རིན་སྤྲོད་མི་དགོས་པར་ཤར་གཏོང་བྱེད་པའི་འགན་ལེན་བཅས་བྱས་ཡོད་པ་རེད། འདི་ལོའི་གཙོ་ཐོན་གྲོང་ཁྱེར་དང་རྫོང་གི་གྲོ་གཅིག་སྡུད་ཐོག་སྨིན་པའི་མཚོན་རྟགས་མངོན་གསལ་དོད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་འཕྲུལ་བཀོད་གཏོང་བེད་སྤྱོད་ཀྱི་རེ་བ་དེ་བས་མཐོ་བའི་ཁྱད་ཆོས་ལ་དམིགས་ཏེ། ཞིང་ལས་གྲོང་གསེབ་པུའུ་ཡིས་འབྲེལ་ཡོད་ཚན་པ་དང་རྒྱལ་ཁབ་སྔོན་བརྡ་ཆ་འཕྲིན་ཁྱབ་བསྒྲགས་ལྟེ་གནས་སྒྲིག་འཛུགས་བྱས་ནས་མཉམ་འབྲེལ་ཐོག“དབྱར་གསུམ”གྱི་གྲོ་འཕྲུལ་བསྡུ་བྱེད་པར་གནད་སྨིན་གྱི་གནམ་གཤིས་སྔོན་བརྡའི་ཞབས་ཞུའི་ཚོད་ལྟ་བྱས་པ་དང་ཞིང་འཕྲུལ་བཀོལ་སྤྱོད་པའི་ལག་ཐོགས་ཁ་པར་ཐོག་རིན་པ་མི་དགོས་པར་ཤང་དང་གྲོང་རྡལ་དང་དུས་མཚམས་ཁག་གི་གནད་ལ་འཕིགས་པའི་འཕྲུལ་བསྡུ་འཚམ་མིན་གྱི་སྟོན་གྲངས་དྲན་སྐུལ་བཏང་ཡོད་པ་རེད།

གྲོ་བསྡུ་བར་གོ་རིམ་ལྡན་པ་དང་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་བསྟུན་ནས། དབྱར་དུས་ཞིང་ནང་གཡོག་བྱེད་དང་དབྱར་འདེབས་ལས་དོན་འཕྲལ་དུ་སྤེལ་ཞིང་། མིག་སྔར་ས་གནས་ཁག་གིས་འཕྲུལ་ཆས་ཅན་གྱི་སོག་མ་བསྡམས་པ་དང་། ཐོན་ཁུལ་དུ་སྲོ་སྐམ་གཏོང་བ། མ་རྨོས་ལོ་ཏོག་རྨོ་མེད་འདེབས་འཛུགས་བྱེད་པ། ཆུ་འབྲས་ལྗང་འཛུགས་སོགས་ཀྱི་ལས་སྒོ་རིམ་བཞིན་སྤེལ་ནས་ཡུག་གཅིག་བརྔ་བསྡུ་བྱས་མ་ཐག་ཡུག་དེར་རྨོ་འདེབས་བྱས་ཡོད། བྱང་སྐར་སྤུན་བདུན་ཕྱོགས་སྟོན་མ་ལག་གིས་ཞིང་འཕྲུལ་རང་འགུལ་བཀོལ་བ་དང་། མི་མེད་གནམ་གྲུས་རྩི་ཤིང་སྲུང་སྐྱོང་བྱེད་པ། སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་བྱེད་པ། འཕྲུལ་འཁོར་གྱིས་ལྗང་པ་འཛུགས་ཞོར་དུ་གཏིང་ལུད་རྒྱག་པ་སོགས་གནོད་མེད་ནུས་ཆེའི་འཕྲུལ་ཆས་ཅན་གྱི་ལག་རྩལ་རྒྱ་ཁྱབ་ངང་སྤྱད་ནས“དབྱར་གསུམ”རིང་གི་ཐོན་སྐྱེད་སྤུས་ཚད་དང་ལས་ཆོད་སྔར་བས་ཆེ་རུ་བཏང་ཡོད་པ་རེད།

ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་བར་གཞིགས་ན། ཟླ་6ཚེས་15ཉིན་དང་ཚེས་16ཉིན་ཧོང་ཧོའེ་རྒྱ་མཚོའི་བྱང་རྒྱུད་ཀྱི་གྲོ་བརྔ་བསྡུ་ཁུལ་དུ་ཆར་པ་འབབ་ཚུལ་མངོན་གསལ་དོད་པོ་ཡོད། ཞིང་ལས་གྲོང་གསེབ་པུའུ་ཡིས། ས་གནས་ཁག་ལ་ཞིང་འཕྲུལ་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་སྟེ་ཕན་ཡོད་ཀྱི་གནས་གཤིས་དམ་འཛིན་གྱིས་གྲོ་བརྔ་བསྡུའི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་བཞའ་ཚན་འཚམ་ན་དེ་མུར་འདེབས་འཛུགས་བྱས་ཏེ་དབྱར་འབྲུར་ལོ་ལེགས་ཡོང་བ་བྱེད་པ་དང་ཐོན་འབབ་ལེགས་པའི་དུས་སུ་སྟོན་འབྲུ་བཏབ་ནས་ལོ་ཧྲིལ་པོའི་འབྲུ་རིགས་ལོ་ལེགས་ཡོང་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་དྲན་སྐུལ་བྱས་ཡོད།

(ལྷ་དབང་གིས་བསྒྱུར། བསྟན་བློས་ཞུས)