《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月11日

མཚོ་སྔོན་ཟི་ལིང་གིས།

སྡེ་ཁུལ་གྱི་ཁུར་པོ་ཡང་དུ་དང་ལས་ཕྱོད་ཆེ་རུ་བཏང་བས་ལས་བྱེད་པའི་སེམས་ཤུགས་འཕེལ་བ།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་6ཚེས་8ཉིན་གློག་འཕྲིན་འབྱོར་གསལ། 2018ལོར་མཚོ་སྔོན་ཞིང་ཆེན་གྱིས་དཔང་ཡིག་ཉུང་དུ་བཏང་ནས་དམངས་ལ་སྟབས་བདེ་སྐྲུན་པའི་བྱ་སྤྱོད་སྤེལ་ཏེ་གཞི་རིམ་དུ་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་དང་འབྲེལ་བ་ཡོད་པའི་དཔང་ཡིག་མེད་པ་བཟོ་བའི་དཀར་ཆག་ཡོངས་བསྒྲགས་བྱས་པ་རེད། འུན་ཤིང་ལམ་སྡེ་ཁུལ་གྱི་དམངས་སྲིད་ཨུ་ཡོན་ལེང་ཆིའུ་ཡུན་གྱིས་ཉིན་ལྟར་མང་ཚོགས་ཀྱི་དོགས་གནད་སེལ་བཞིན་ཡོད། “སྡེ་ཁུལ་གྱི་ཁུར་པོ་ཡང་དུ་དང་ལས་ཕྱོད་ཆེ་རུ་གཏོང་བའི་བྱེད་ཐབས་སྣ་ཚོགས་ལས་ང་ཚོས་སྔོན་ཆད་ལྟར་རེའུ་མིག་མང་པོ་རྒྱོང་མི་དགོས་པར་ཁོངས་གཏོགས་ཁུལ་གྱི་སྒོ་རའི་ནང་བསྐྱོད་དེ་མང་ཚོགས་ཀྱི་བདེ་སྡུག་ཤེས་རྟོགས་བྱས་ནས། མི་སེར་གྱི་དཀའ་ངལ་དངོས་ཐག་གཅོད་ཐུབ་ཀྱི་འདུག སྡེ་ཁུལ་གྱི་ནུས་པ་འདོན་ཐུབ་པས་ང་ཚོའི་ལས་ཀའི་བྱས་འབྲས་ཀྱང་ཆེ་རུ་ཕྱིན་སོང”ཞེས་ལེང་ཆིའུ་ཡུན་གྱིས་བཤད།

དུས་ཡུན་རིང་པོའི་ནང་སྡེ་ཁུལ་གྱི་ལས་ཀའི་དམིགས་ཚད་དང་། སྒོ་བྱང་འགེལ་བ། ཐེལ་ཙེ་རྒྱག་པ་སོགས་ཀྱི་ལས་ཀ་རྙོག་འཛིང་ཆེ་བས་གྲོང་མིར་ཞབས་འདེགས་ཞུ་བའི་དུས་ཚོད་ཇེ་ཉུང་དུ་ཕྱིན་ནས་སྡེ་ཁུལ་དུ་ཞབས་འདེགས་ཞུ་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད།

2020ལོའི་ཟླ་11པར་ཟི་ལིང་གྲོང་ཨུད་རྩ་འཛུགས་པུས་ཟི་ལིང་གྲོང་ཁྱེར་དམངས་སྲིད་ཅུས་དང་མཉམ་དུ་ཡིག་ཆ་བཏོན་ནས་རིགས་ཆེ་གྲས་6གི་ཞིབ་ཕྲའི་བྱ་ཐབས་ཁག་16ཁ་གསལ་བཟོས་པ་དང་སྡེ་ཁུལ་གྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་ལས་དོན་ལ་གཞོགས་འདེགས་བྱེད་པའི་མཛུབ་ཁྲིད་དཀར་ཆག་སོགས་ཀྱི་ནང་དོན་བཟོས་ནས་སྡེ་ཁུལ་གྱི“ཁུར་པོ་ཡང་དུ་བཏང་ནས་ལས་ཕྱོད་ཆེ་རུ་གཏོང་བར”སྔར་བས་སྐུལ་འདེད་བཏང་སྟེ་སྡེ་ཁུལ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་བཏང་བ་རེད།

འུན་ཤིང་ལམ་སྡེ་ཁུལ་གྱི་གཞུང་ལས་ཐོག་ཁང་གི་མདུན་དུ་གསར་འགོད་པས་སྒོ་བྱང་ཕབ་ཤུལ་འགའ་མཐོང་བྱུང་། འུན་ཤིང་ལམ་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ལི་ཧྥུང་གིས“དོན་དངོས་དང་མི་མཐུན་པ་དང་སྒོ་བྱང་ལྷག་མ་དག་གཙང་སེལ་བྱས་ནས‘སྡེ་ཁུལ་ཏང་རྩ་འཛུགས’དང་། ‘སྡེ་ཁུལ་གྱི་གྲོང་མི་ཨུ་ལྷན’‘སྡེ་ཁུལ(ཏང་འཛུགས་སྐྱོང)ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས(ས་ཚིགས)’བཅས་ཀྱི་སྒོ་བྱང་མ་གཏོགས་བཞག་མེད་པས་མི་སེར་ཚོས་སྡེ་ཁུལ་གྱི་འགན་འཁྲི་གཙོ་བོ་དང་ལས་འགན་གཙོ་བོ་གང་ཡིན་པ་དེ་བས་གསལ་པོ་ཤེས་ཐུབ”ཅེས་བཤད།

གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་བས་འགན་ནུས་འདོན་སྤེལ་ཐུབ་ཅིང་། གསར་འགོད་པར་ཟི་ལིང་གྲོང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། ཟི་ལིང་གྲོང་ཁྱེར་གྱིས་ཉེ་བའི་ལོ་ཤས་རིང་རིམ་ཁག་རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་བྱས་ཏེ“ཏང་འཛུགས་སྐྱོང་གི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས”ཀྱི་ཏང་འཛུགས་སྐྱོང་རྣམ་གྲངས་ལག་ལེན་བསྟར་ནས་ཆུས་རིམ་པའི་ཏང་འཛུགས་སྐྱོང་གི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་4དང་། ཁྲོམ་གཞུང་སྡེ་ཁུལ་དང་། ཚོང་དོན་ཐོག་ཁང་། ཚོང་སྐོར་ཁྲོམ་རའི་ཏང་འཛུགས་སྐྱོང་གི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་བཅས་101 མི་སྣ་འདུ་འཛོམས་ཆེ་བའི་ས་ཁོངས་དང་གྲོང་མིའི་ཁུལ་ཆུང་གི་ཏང་འཛུགས་སྐྱོང་ཞབས་ཞུའི་ས་ཚིགས་129བཅས་བསྐྲུན་ནས་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་གི་མཉམ་སྤྱོད་ཞབས་ཞུའི་ལས་སྟེགས་བཏོད་པ་རེད།

གྲོང་ཤར་ཁུལ་ཡུས་ཚའེ་ལམ་སྡེ་ཁུལ་གྱི་ཏང་ཨུད་ཧྲུའུ་ཅི་ཀའོ་ཐིང་གིས“གཞི་རིམ་སྡེ་ཁུལ་ནི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྐར་ཁུང་དང་པོ་དེ་རེད། སྡེ་ཁུལ་གྱི‘ཁུར་པོ་ཡང་དུ་གཏོང་བའི’དམིགས་ཡུལ་ནི་ང་ཚོས་མི་སེར་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུ་དེ་ཡིན། སྲིད་ཇུས་མང་པོ་བཏོན་པ་ཚང་མས་གཞི་རིམ་གྱི་ལས་ཀའི་དཀའ་གནད་ཐག་གཅོད་ནུས་ལྡན་བྱེད་པ་དང་། སྡེ་ཁུལ་གྱི་ལས་དོན་མི་སྣའི་ལས་དོན་སྒྲུབ་སེམས་ཆེ་རུ་འགྲོ་ཐུབ”ཅེས་བཤད།

(ཚེ་ཁོས་བསྒྱུར། རིག་རྡོར་དང་ཚེ་ཁོས་ཞུས)