《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月25日

ཁ་བ་བུ་ཡུག་ཁྲོད་ཀྱི་དྲོ་སྐྱིད།

—— མཚོ་སྔོན་རྨ་སྟོད་དུ་ས་ཡོམ་རིམ་པ་7.4བརྒྱབ་རྗེས་ཡོམ་འགོག་གེགས་སེལ་གྱི་མཐོང་ཐོས།

ཚེས་22ཉིན་གྱི་མཚན་གུང་ཡོལ་ཙམ་ལ། རྨ་ཆུའི་ཆུ་འགོར་གནས་པའི་རྨ་སྟོད་རྫོང་ལ་གློ་བུར་དུ་ས་ཡོམ་རིམ་པ་7.4བརྒྱབ་ནས་ཚང་མ་གཉིད་ལས་དཀྲོགས་པ་རེད།

ཀྲུང་གོ་ས་ཡོམ་བརྟག་དཔྱད་ལས་ཁུངས་དྲ་བས་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། ཟླ་5ཚེས་22ཉིན་གྱི་ཆུ་ཚོད་2དང་སྐར་མ་4ཡི་ཐོག མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་དུ་ས་ཡོམ་རིམ་པ་7.4བརྒྱབ་ཅིང་ཡོམ་གནས་ཀྱི་ཟབ་ཚད་ལ་སྤྱི་ལེ་17ཡོད་པ་རེད། ཐེངས་འདིའི་ས་ཡོམ་གྱི་ཡོམ་ལྟེ་དང་རྨ་སྟོད་རྫོང་གྲོང་དབར་སྤྱི་ལེ་38དང་། རྨ་ཆུ་ཤང་དབར་སྤྱི་ལེ་7 མགོ་ལོག་ཀྲོའུ་སྲིད་གཞུང་ཡོད་སའི་གྲོང་ཁྱེར་དབར་སྤྱི་ལེ་175 ཟི་ལིང་གྲོང་ཁྱེར་དབར་སྤྱི་ལེ་385བཅས་ཡོད་པ་རེད།

གནོད་འཚེ་ནི་བཀའ་རྒྱ་ཡིན་ཏེ། མཚན་གུང་ཆུ་ཚོད་2དང་སྐར་མ་20ཡི་ཐོག མཚོ་སྔོན་ཞིང་ཆེན་གྱིས་ས་ཡོམ་གནོད་འཚེ་ཚབས་ཆེན་རིམ་པ་Ⅱཀྱི་འཕྲལ་སྡོམ་བརྡ་ལན་གཏོང་འགོ་བཙུགས་ནས། གསེར་ཆེན་ནས་ཡུལ་ཤུལ་དབར་གྱི་མྱུར་བགྲོད་གཞུང་ལམ་དང་། མཛོ་རྒན་ར་བ་ནས་གཅིག་སྒྲིལ་དབར་གྱི་མྱུར་བགྲོད་གཞུང་ལམ་གནས་སྐབས་བཀག་སྡོམ་བྱས་པ་དང་། འགྲིམ་འགྲུལ་སྡེ་ཚན་གྱིས་ཤར་གཏོང་འགན་ལེན་གྱི་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱེད་འགོ་ཚུགས་པ། གློག་ཤུགས་སྡེ་ཚན་གྱིས་གནོད་འཚེ་ཕོག་པའི་གློག་ལམ་ཁག་མྱུར་བཟོ་བྱས་པ། མཚོ་སྔོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གིས་ཡོམ་ཁུལ་དུ་མི་སྣ་མངགས་པ། མཚོ་སྔོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ནུས་པ་ཆེ་བའི་རོགས་སྐྱོབ་རུ་ཁག་4དང་ནུས་པ་ཆུང་བའི་རོགས་སྐྱོབ་རུ་ཁག་6 མེ་ཟོན་རླངས་འཁོར་165དང་བཀོད་འཐབ་པ་775ཡོམ་ཁུལ་དུ་རོགས་སྐྱོབ་བྱེད་པར་མངགས་པ། མགོ་ལོག་ཀྲོའུ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཉིན་མཚན་བལྟོས་མེད་ལས་ཞུགས་བཀོད་འདོམས་པུའུ་དང་དེ་བཞིན་ས་ཡོམ་གེགས་སེལ་གྱི་ནུས་པ་ཆུང་བའི་རོགས་སྐྱོབ་རླངས་འཁོར་4དང་མི་30ཡིས་སྒྲིག་ཆས་ཆ་ཚང་1348ཁྱེར་ནས་ཡོམ་ཁུལ་དུ་བསྐྱོད་པ་རེད།

རྨ་སྟོད་རྫོང་ཨུད་ཀྱི་ཧྲུའུ་ཅི་ཏིང་ཧྥུང་ཧྲན་གྱིས། རྫོང་ཐོག་གི་འཕྲལ་སྡོམ་དངོས་ཟོག་གནས་སར་འབྱོར་བ་དང་། རྫོང་ཡོམ་འགོག་གེགས་སེལ་འཕྲལ་སྡོམ་བཀོད་འདོམས་པུས་འཕྲལ་སྡོམ་སྔོན་ཇུས་ལྟར་ལས་དོན་སྤེལ་བཞིན་ཡོད། མིག་སྔར། བཟའ་བཅའ་གསོག་ཉར་འདང་ངེས་ཡོད་ལ་ཐབ་དང་། རས་གུར། སྲིང་བལ་ཕོ་ཁེབས་སོགས་གེགས་སེལ་དངོས་ཟོག་ཀྱང་མགྱོགས་མྱུར་དབོར་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཆུ་ཚོད་10པ་ཙམ་ལ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་རྫོང་སྲིད་གཞུང་ཐང་ཆེན་དུ་ཡོད་པའི་བཀོད་སྒྲིག་བྱ་ཡུལ་དུ། ལས་དོན་མི་སྣས་མང་ཚོགས་ལ་མོག་མོག་དང་ཇ་ཚ་པོ་སོགས་སྟེར་བཞིན་ཡོད་པ་མཐོང་བ་དང་། བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ཚེ་རིང་རྒྱལ་གྱིས། རས་གུར་ནང་ཞོགས་ཟས་ཟོས་པ་ཡིན། ནང་གི་ཅ་ལག་ལ་གནོད་སྐྱོན་ཐེབས་མི་འདུག་ཅེས་བཤད།

ཆུ་ཚོད་11དང་སྐར་མ་30ཙམ་ལ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་རྨ་སྟོད“5·22”ཡོམ་འགོག་གེགས་སེལ་ལས་དོན་གྱི་གནས་ཚུལ་བརྡ་ཁྱབ་གཏོང་བའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཤིང་། རེས་སྐོར་དང་པོའི་ཞིབ་བཤེར་བྱས་པ་བརྒྱུད། ཟླ་5ཚེས་22ཉིན་གྱི་ཆུ་ཚོད་10པ་བར་རྨ་སྟོད་རྫོང་དང་རྨ་ཆེན་རྫོང་གྱི་ཁྱོན་མང་ཚོགས་8ལ་རྨས་སྐྱོན་ཆུང་ཙམ་ཕོག་པ་དང་། མང་ཚོགས་ཁག་གཅིག་གི་སྡོད་ཁང་དང་བ་ཚང་ལ་གཏོར་སྐྱོན་ཕོག་པ། འགྲོ་ལམ་དང་ཟམ་པ་ཁག་གཅིག་ལ་ཡང་གཏོར་སྐྱོན་ཚད་མི་འདྲ་བ་ཕོག་ཡོད་པ་རེད།

གེགས་སེལ་བྱ་ཡུལ་དུ་ཡོད་པའི་རྨ་སྟོད་རྫོང་རྨ་ཆུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་རྡོ་ཐར་གྱིས། མང་ཚོགས་ཀྱི་སྡོད་ཁང་མང་ཆེ་བ་ཉེ་བའི་ལོ་གསུམ་ནང་གསར་དུ་བསྐྲུན་པའི་སྒྲོམ་གཞིའི་གྲུབ་ཆའི་སྡོད་ཁང་ཡིན་ཡང་། ས་ཡོམ་རིམ་པ་ཅུང་ཆེ་རྐྱེན་སྡོད་ཁང་མང་ཆེ་བར་གཏོར་སྐྱོན་ཕོག་ནས་སེར་ཀ་གས་འདུག བསྡོམས་རྩིས་བརྒྱབ་པར་གཞིགས་ན། དམངས་ཀྱི་སྡོད་ཁང་20ལྷག་ཙམ་བརྡིབས་པ་དང་། མང་ཚོགས་མང་ཆེ་བའི་ཁྱིམ་གྱི་ར་སྐྱོར་འགྱེལ་བ། བ་ཚང་དང་ལྷས་ར་སོགས་མང་པོ་བརྡིབས་པ། རྨ་ཆུ་ཤང་བོད་ཡིག་ཞག་སྡོད་སློབ་གྲྭའི་དགེ་སློབ་དང་ལས་བཟོའི་རླངས་འཁོར་མང་དག་ཅིག་གྱང་ལོག་སྟེ་མནན་ནས་གཏོར་སྐྱོན་ཕོག་འདུག་ཅེས་ངོ་སྤྲོད་བྱས་པ་རེད།

རྨ་ཆུ་ཤང་བོད་ཡིག་ཞག་སྡོད་སློབ་གྲྭའི་ལུས་རྩལ་ཐང་ཆེན་དུ། གསར་འགོད་པས་གེགས་སེལ་རས་གུར་20ཕུབ་པའི་ནང་སློབ་གྲྭ་ཡོངས་ཀྱི་སློབ་མ་186ཚང་མ་བཀོད་སྒྲིག་བྱས་པ་མཐོང་བྱུང་།

“ང་ཚོ་ས་ཡོམ་བརྒྱབ་རྗེས་ཀྱི་སྐར་མ་3ནང་སློབ་གྲྭར་སླེབས་ཡོད། བྱིས་པར་སྲུང་སྐྱོབ་བྱ་རྒྱུ་ནི་གལ་ཆེ་ཤོས་རེད། ད་ཆ་བྱིས་པ་ཚང་མ་བཀོད་སྒྲིག་ཡག་པོ་བྱུང་ཞིང་། ཁ་ཚ་དགོས་གཏུགས་ཀྱི་སྲིང་བལ་གྱོན་གོས་དང་། སྲིང་བལ་ཉལ་ཆས། ཐབ་སོགས་དངོས་ཟོག་རིགས་ཀྱང་དབོར་ཡོང་བའི་སྒང་རེད”ཅེས་རྨ་ཆུ་ཤང་མངགས་གཏོང་ཁང་གི་སུའོ་ཀྲང་ཀུན་དགའ་ཚེ་རིང་གིས་བཤད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)