《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月25日

ཚེ་གང་བཀྲེས་ལྟོགས་སེལ་བའི་ལས་ལ་གཞོལ། མི་རབས་ཚང་མས་བློ་ལ་བརྟན་པོར་ངེས།

—— ཕྱི་རྒྱལ་གྱི་ལས་རིགས་ཁག་གིས་ཡོན་ལུང་ཕིང་ལ་མྱ་ངན་ཟབ་མོ་ཞུས་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།

“རྒྱུད་འདྲེས་ཆུ་འབྲས་ཀྱི་ཡབ་ཆེན”དང“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”འཐོབ་མཁན་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཡོན་ལུང་ཕིང་ཚེས་22ཉིན་སྨན་བཅོས་བྱས་ཀྱང་ནུས་པ་མ་ཐོན་པས་ཧུའུ་ནན་ཁྲང་ཧྲ་རུ་སྐུ་གཤེགས། ཕྱི་རྒྱལ་གྱི་ལས་རིགས་ཁག་གི་མི་སྣས་ཁོང་ལ་མྱ་ངན་ཟབ་མོ་ཞུ་བའི་བསམ་པ་འཆང་ཞིང་ཁོང་སྐུ་གཤེགས་པ་ནི་གྱོང་གུན་ཧ་ཅང་ཆེན་པོ་ཞིག་ཡིན་པ་དང་ཁོང་གིས་བཞག་པའི་ཤུལ་བཞག་མི་རབས་ནས་མི་རབས་བར་གྱི་མིས་བློ་ལ་བརྟན་པོར་འཆང་ངེས་རེད་ཅེས་བརྗོད།

མ་ཏ་ཀ་སི་ཁར་གྱི་ཞིང་འབྲོག་ཉ་ལས་པུའུ་ཀྲང་ལཱ་ན་ལི་ཝུའེ་ལུའུ་ཡིས་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་ཐོག་ཡོན་ཧྲི་ཡོན་ལུང་ཕིང་སྐུ་གཤེགས་པའི་གནས་ཚུལ་ཐོས་སྐབས་བློ་ཕམ་ཧ་ཅང་ཆེན་པོ་སྐྱེས་བྱུང་། ངས་མ་ཏ་ཀ་སི་ཁར་གྱི་ཞིང་འབྲོག་ཉ་ལས་པུའུ་དང་དེ་བཞིན་ང་རང་མི་སྒེར་གྱི་མིང་ཐོག་ནས་ལྷག་བསམ་ཟོལ་མེད་ཀྱི་མྱ་ངན་ཞུ་ཞེས་བྲིས་ཡོད་པ་རེད། ལཱ་ན་ལི་ཝུའེ་ལུའུ་ཡིས་ཡོན་ལུང་ཕིང་གི་ཚན་ཞིབ་གྲུབ་འབྲས་ལས་ཀྲུང་གོའི་རྒྱལ་ཁབ་རྒྱུད་འདྲེས་ཆུ་འབྲས་ལག་རྩལ་ཞིབ་འཇུག་ལྟེ་གནས་དང་མ་ཏ་ཀ་སི་ཁར་གྱི་མ་ཤིས་ཆིར་བཙུགས་པའི་ཨ་ཧྥེ་རི་ཁའི་ཡན་ལག་ལྟེ་གནས་ཀྱི་མཉམ་ལས་ལ་ཕན་པ་ཐོབ་པ་དང་མ་ཏ་ཀ་སི་ཁར་གྱི་ཆུ་འབྲས་འདེབས་མཁན་ལ་སྤྱི་ཆིང་རེར་ཏུན་3ནས་ཏུན་10བར་འཕར་ཡོད། རྒྱུད་འདྲེས་ཆུ་འབྲས་ལག་རྩལ་འཕེལ་རྒྱས་བཏང་བ་བརྒྱུད། ཡོན་ལུང་ཕིང་གི་བཀྲེས་ལྟོགས་སེལ་བའི་འདུན་པ་མ་ཏ་ཀ་སི་ཁར་དུ་མངོན་འགྱུར་བྱུང་ཡོད་ཅེས་བརྗོད་པ་རེད།

མོ་ཙམ་པི་ཁེའི་ཞིང་ལས་ཞིབ་འཇུག་སུའོ་ཡི་ཀྲུའུ་རེན་ཀྲུང་མོ་ཞིང་ལས་དཔེ་སྟོན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཨའོ་ཏི་ལི་ཡ·ཐོ་མོ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། འཛམ་གླིང་རྒྱལ་ཁབ་ཁག་གིས་ཡོན་ལུང་ཕིང་གི་ཞིབ་འཇུག་ལྟེ་གནས་དང་མུ་མཐུད་མཉམ་ལས་བྱས་ནས་འབྲུ་རིགས་ཀྱི་གནད་དོན་ཐག་གཅོད་དང་བཀྲེས་ལྟོགས་ཀྱི་གནད་དོན་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་དགོས། གང་ལགས་ཤེ་ན་དེ་ནི་ཁོང་གིས་ཚེ་གང་བརྩོན་ལེན་བྱས་པའི་བྱ་གཞག་ཅིག་རེད། མོ་ཙམ་པི་ཁེར་ང་ཚོས་འབྲུ་རིགས་ཀྱི་སྣ་ཁ་མང་དུ་བཏང་ནས་འབྲུ་རིགས་འདང་ངེས་འདེབས་པ་མ་ཟད། ཆུ་འབྲས་ཐོན་སྐྱེད་ལག་རྩལ་རྒྱལ་ཡོངས་ས་གནས་ཁག་ཏུ་ཁྱབ་གདལ་གཏོང་དགོས། དེ་ལྟར་བྱས་ཚེ་ཡོན་ལུང་ཕིང་འདས་པོའི་ཕུགས་རེ་གཞི་ནས་དར་རྒྱས་གོང་འཕེལ་གཏོང་ཐུབ་ཅེས་བརྗོད་པ་རེད།

ཕ་ཁི་སི་ཐན་གྱི་ཀ་ཏེ་ཞིང་ལས་ཞིབ་འཇུག་དང་ཞབས་ཞུ་ཀུང་སིའི་དབུ་བཞུཌ་ལག་བསྟར་དཔོན་ཧྲ་ཧོ་ཀྲ་ཏེ·མ་ལེ་ཁེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ཡོན་ལུང་ཕིང་སྐུ་གཤེགས་པ་ནི་ཀྲུང་གོའི་ངོས་ནས་བརྗོད་ན་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཡིན་པ་མ་ཟད། མིའི་རིཌ་ཚང་མའི་ངོས་ནས་བརྗོད་ནའང་གྱོང་གུན་ཆེན་པོ་ཞིག་རེད། རྒྱུད་འདྲེས་ཆུ་འབྲས་ལག་རྩལ་གྱིས་ཕ་ཁི་སི་ཐན་གྱི་ཆུ་འབྲས་ལས་རིཌ་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད་ལ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཀྱང་བཟང་པོ་ཐོན་ཡོད། ཕ་ཁི་སི་ཐན་གྱི་གྲོང་གསེབ་ས་ཁུལ་དུ་རྒྱུད་འདྲེས་ཆུ་འབྲས་ལག་རྩལ་གྱིས་དབུལ་སྒྲོལ་ལ་ལེཌ་སྐྱེས་ཕུལ་ཡོད་ཅེས་བརྗོད་པ་རེད།

མ་ལེ་ཁེས་ཡོན་ལུང་ཕིང་གི་རྒྱུད་འདྲེས་ཆུ་འབྲས་ལག་རྩལ་གྱིས་ཀྲུང་གོ་དང་ཕ་ཁི་སི་ཐན་ཙམ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་མང་པོར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། “འཛམ་གླིང་ས་གནས་ཁག་གི་མི་ཚང་མས་ཁོང་ལ་རྗེས་དྲན་ཞུ་ངེས་རེད”ཅེས་བརྗོད་པ་རེད།

“ཧྥི་ལི་ཕིན་གྱི་རྒྱུད་འདྲེས་ཆུ་འབྲས་འདེབས་མཁན་ཞིང་པ་ཚང་མས་ཡོན་ལུང་ཕིང་ངོ་ཤེས་ཀྱི་ཡོད”“ཧྥི་ལི་ཕིན་གྱིས་རྒྱུད་འདྲེས་ཆུ་འབྲས་རྒྱལ་པོ”ཞེས་བརྗོད་སྲོལ་ཡོད་པའི་ལིན་ཡུས་ཆིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་བར་ཧྥི་ལི་ཕིན་དུ་རྒྱུད་འདྲེས་ཆུ་འབྲས་འདེབས་ཁྱོན་སྤྱི་ཆིང་ཁྲི་100ཟིན་པ་དང་སྤྱི་ཆིང་རེ་ནས་མང་ཤོས་སུ་ཏུན་15ཐོན་གྱི་ཡོད་པས་ས་གནས་འདི་གའི་སྲོལ་རྒྱུན་ཆུ་འབྲས་སྣ་ཁའི་ལྡབ་3རེད། ཧྥི་ལི་ཕིན་གྱི་ཞིང་ཟོག་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་ཆེ་གྲས་སུ་རྒྱུད་འདྲེས་ཆུ་འབྲས་ཀྱི་འབྲས་འཚོང་གི་ཡོད་ཅེས་བརྗོད་པ་རེད།

འཇར་མན་བརྙན་འཕྲིན་ཁང་དང་པོའི་བརྙན་འཕྲིན་གསར་འགྱུར་ལེ་ཚན《དེ་རིང་གི་གསར་འགྱུར》གྱི་དྲ་ཚིགས་སུ་ལོ་བཅུ་ཕྲག་ཁ་ཤས་རིང་ཡོན་ལུང་ཕིང་གི་རླབས་ཆེན་དམིགས་ཚད་ནི་འཛམ་གླིང་ཡོངས་ཀྱི་མི་རྣམས་ལ་བཟའ་འབྲུ་འདང་ངེས་ཡོང་བར་བྱེད་པ་འདི་རེད། ཀྲུང་གོར་དམིགས་ཚད་དེ་རྒྱ་ཁྱབ་ངང་མངོན་འགྱུར་བྱུང་ཡོད་པས་ཡོན་ལུང་ཕིང་གིས་དེའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རྒྱུད་འདྲེས་ཆུ་འབྲས་ལག་རྩལ་ནི“ཧ་ཅང་སྟོབས་ཆེ་བ”དང་ཐོན་འབོར་མང་བའི་ཆུ་འབྲས་སྣ་ཁར་རྒྱུན་མཐུད་རྒྱུད་འདྲེས་བྱ་ཆོག་གི་ཡོད། དུས་རབས་20པའི་ལོ་རབས་70ཡི་དུས་འགོར་འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་རིག་པ་མཁས་ཅན་དང་ཞིང་ལས་རིག་པ་མཁས་ཅན་མང་ཆེ་བས་དེ་ལྟར་བཏབ་ན་འབྲས་བུ་ཐོན་མི་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཡོན་ལུང་ཕིང་གིས་ཁོང་གི་ཞིབ་འཇུག་ལས་རིགས་པའི་གཞུང་ལུགས་འདི་ར་སྤྲོད་བྱས་ཡོད་ཅེས་བཀོད་ཡོད་པ་རེད།

ཡོན་ལུང་ཕིང་སྐུ་གཤེགས་རྗེས། རྒྱལ་སྤྱིའི་རྩ་འཛུགས་མང་པོ་ཞིག་གིས་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་སུ་རྩོམ་ཡིག་བྲིས་ནས་མྱ་ངན་ཟབ་མོ་ཞུས་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཕྱོགས་དཔོད་ཕྲན་ཐོག“ཡོན་ཧྲི་ཡོན་ལུང་ཕིང་གིས་འབྲུ་རིགས་བདེ་འཇགས་དང་། དབུལ་ཕོངས་སེལ་བ། དམངས་འཚོ་བདེ་འཁོད་བཅས་ལ་སྐུལ་འདེད་གཏོང་ཆེད་ཕུལ་དུ་བྱུང་བའི་ལེགས་སྐྱེས་ཕུལ་ཡོད། རྒྱལ་ནང་གི་མི་སྣ་ཕུལ་བྱུང་ཕེབས་ལམ་བདེ་མོ”ཞེས་འཁོད་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཆུས་ཏུང་ཡུས་ཀྱིས་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་སུ་ཡོན་ལུང་ཕིང་གི་ཚེ་གང་རྒྱུད་འདྲེས་ཆུ་འབྲས་ཞིབ་འཇུག་ལ་ཕུལ་ནས་མི་འབོར་དུང་ཕྱུར་བཅུ་ཕྲག་ལ་འབྲུ་རིགས་ཀྱི་བདེ་འཇགས་མངོན་འགྱུར་བྱེད་རོགས་བྱས་ཡོད། ཡོན་ལུང་ཕིང་ནི་ངའི་གུས་ཤིང་བརྩེ་བའི“རྒན་ལགས”དང་མིག་དཔེ་ཡིན་པས་ཁོང་སྐུ་གཤེགས་པར་སེམས་སྡུག་ཆེན་པོ་བྱུང་ཞེས་བཀོད་ཡོད་པ་རེད།

(བསོད་བདེ་གཞོན་པས་བསྒྱུར། ལྷག་ཚེས་ཞུས)