《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕར་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་དཔལ་འབྱོར་མགྱོགས་མྱུར་སླར་གསོར་རོགས་རམ་ཐུབ་རེ་ཡོད་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཡན་ཅེ་དང་ལིའུ་ཁའེ།

ཚེས་28ཉིན། ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི《2021ལོའི་ཨེ་ཤེ་ཡ་འཕེལ་རྒྱས་ཀྱི་མ་འོངས་སྔོན་དཔག》སྙན་སེང་ནང་། ཏོག་གསར་གློ་ཚད་རིམས་ནད་སྔར་བཞིན་ཐོན་རུང་། 2021ལོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་དངོས་ཚན་སླར་གསོ་ཐུབ་ནས་དཔལ་འབྱོར་འཕར་ཚད་7.3%ཟིན་རེ་ཡོད་པའི་ངོས་འཛིན་བྱས་ཡོད། ཀྲུང་གོའི་དཔལ་འབྱོར་འཕར་ཚད་8.1%ཟིན་པ་དེ་ནི་ས་ཁུལ་གྱི་དཔལ་འབྱོར་སླར་གསོའི་སྣེ་ཁྲིད་པའི་གྲས་ཤིག་ཡིན་པ་དང་། ཨེ་ཤེ་ཡ་གསར་སྤེལ་དངུལ་ཁངགི་དཔོན་རིགས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕར་བ་དེས་ས་ཁུལ་གྱི་དཔལ་འབྱོར་རིམས་ནད་ཀྱི་ཁྲོད་དུ་མགྱོགས་མྱུར་སླར་གསོ་ཐུབ་པར་ཕན་ཐོགས་ཡོད་པའི་ངོས་འཛིན་བྱས་པ་རེད།

ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་སྤྱིའི་ཆ་ནས་རྒྱུན་མཐུད་སླར་གསོ་བྱུང་ཡང་ཁག་གཅིག་ལ་ཧེ་བག་གནས་པ།

སྙན་སེང་ནང་ངོས་འཛིན་བྱས་དོན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་དངོས་ཚན་2021ལོ་དང་2022ལོར་རྒྱུན་མཐུད་སླར་གསོ་དང་ས་ཁུལ་གྱི་འཕར་ཚད་སྔོན་དཔག་བྱས་ན་སོ་སོར་7.3%དང་5.3%ཟིན་ནས་དཔལ་འབྱོར་དངོས་ཚན་མི་འདྲ་བའི་སླར་གསོའི་ཆུ་ཚད་ཕྱོགས་གཉིས་སུ་གྱེས་སྲིད།

སྙན་སེང་ནང་སྔོན་དཔག་བྱས་པར་གཞིགས་ན། ཨེ་ཤེ་ཡ་ཤར་མ་དང་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་གྱི་འཕར་ཚད་ས་ཁུལ་གཞན་དག་ལས་མཐོ་བ་ཡོད་པ་དང་འདི་ལོ་འཕར་ཚད་སོ་སོར་7.4%དང་9.5%ཟིན་པ་དང་། ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་འདི་ལོ་དང་སང་ལོར་བརྟན་པོའི་ངང་སླར་གསོ་ཐུབ་ནས་སོ་སོར་འཕར་ཚད་4.4%དང་5.1%ཟིན་པ། ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱི་འཕར་ཚད་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་ལས་ཅུང་འགོར་བ་དང་། འདི་ལོ་དང་སང་ལོའི་འཕར་ཚད་སོ་སོར་3.4%དང་4%ཟིན་པ། ཞི་བདེ་རྒྱ་མཚོ་ས་ཁུལ་རིམ་བཞིན་སླར་གསོ་བྱུང་ནས་འདི་ལོ་དང་སང་ལོའི་འཕར་ཚད་སྔོན་དཔག་བྱས་ན་སོ་སོར་1.4%དང་3.8%ཟིན་རེ་ཡོད་པ་བཅས་རེད།

ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་ཙེ་ཐེན་ཁང་ཤིང་གིས་ངོས་འཛིན་བྱས་དོན། ཏོག་གསར་གློ་ཚད་རིམས་ནད་ནི་སྔར་བཞིན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་ཕྱོགས་ཡོངས་ཀྱི་སླར་གསོར་འཕྲད་པའི་འགྲན་སློང་ཆེ་ཤོས་དེ་རེད། དེའི་ནང་རྒྱལ་ཁབ་ཁག་གཅིག་ལ་ཉེ་དུས་ནད་དཔེ་མང་དུ་ཕྱིན་པ་དང་། རིམས་འགོག་ཐད་ཀྱི་ཚོད་འཛིན་བྱེད་ཐབས་སླར་ཡང་ནན་དུ་གཏོང་བ། རིམས་འགོག་སྨན་ཁབ་རྒྱག་འགོར་བ་སོགས་ཚུད་ཡོད། འགྲན་སློང་གཞན་དག་ནང་ད་དུང་ས་འབྲེལ་ཆབ་སྲིད་ཛ་དྲག་པ་དང་། ཆབ་སྲིད་ཡོ་ལང་ཆེ་བ། མཁོ་སྤྲོད་སྦྲེལ་ཐག་གི་འཇུར་མིག དེ་བཞིན་མ་དངུལ་བསྡུ་སྒྲིལ་གྱི་ཆ་རྐྱེན་ནན་དུ་གཏོང་སྲིད་པ་སོགས་ཚུད་ཡོད།

འཛད་སྤྱོད་དང་ཕྱིར་གཏོང་གཉིས་ཀར་སྐུལ་འདེད་བཏང་བས་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕར་བ།

སྙན་སེང་ནང་ངོས་འཛིན་བྱས་དོན། གོ་ལ་ཧྲིལ་པོའི་རིམས་ནད་ལ་གཏན་འཁེལ་མེད་པའི་རང་བཞིན་ཕྲད་ཀྱང་། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་སླར་གསོ་བྱུང་ནས་2021ལོར་འཕར་ཚད་8.1%ཟིན་རེ་ཡོད་པ་དེ་ན་ནིང་གི་ཟླ་12པའི་སྔོན་དཔག་ལས་བརྒྱ་ཆའི་གྲངས་0.4ཡིས་མཐོ་བ་ཡོད་པ་དང་2022ལོར་འཕར་ཚད་5.5%ཟིན་རེ་ཡོད། ཁྱིམ་ཚང་གི་འཛད་སྤྱོད་དང་ཕྱིར་གཏོང་ཚོང་དོན་ནི་ཀྲུང་གོའི་དཔལ་འབྱོར་འཕར་བའི་ཁ་ཕྱོགས་གཙོ་བོ་ཞིག་རེད།

དགོས་མཁོའི་ཕྱོགས་ནས་བལྟས་ན། ལས་ཞུགས་ཁྲོམ་ར་ལེགས་སུ་ཕྱིན་པ་དང་། འཛད་སྤྱོད་པའི་ཡིད་ཆེས་ཆེ་རུ་ཕྱིན་པ། ཁྱིམ་ཚང་གི་འཛད་སྤྱོད་སླར་གསོ་བྱུང་བ་བཅས་ལས་ཕན་པ་ཆེན་པོ་གསུམ་གྲུབ་ཡོད། མཁོ་སྤྲོད་ཕྱོགས་ནས་བལྟས་ན། ཀྲུང་གོས་རིམས་འགོག་སྨན་ཁབ་གཞི་ཁྱོན་ཆེན་པོས་ཁྱབ་གདལ་བཏང་བ་དང་བསྟུན་ནས་ཞབས་འདེགས་ལས་རིགས་ལ་འཕར་བའི་མི་མངོན་པའི་ནུས་པ་དེ་བས་ཆེ་བ་ལྡན་པ་དང་། ཨར་ཁང་དང་། རོལ་རྩེད། ཡུལ་སྐོར་སོགས་རིམས་ནད་ཀྱི་ཤུགས་རྐྱེན་ཆེ་ཙམ་ཕོག་པའི་ལས་རིགས་ཀྱིས་སྤྱི་ཡོངས་ནས་སླར་གསོ་ཐུབ་པའི་གོམ་སྟབས་ཀྱི་རྗེས་རིམ་བཞིན་ཟིན་རེ་ཡོད།

ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གི་ཨེ་ཤེ་ཡ་ཤར་མ་དང་། ཨེ་ཤེ་ཡ་ཤར་ལྷོ། ཞི་བདེ་རྒྱ་མཚོ་ཁུལ་བཅས་ཀྱི་ལས་དོན་གྱི་འགན་འཁུར་མཁན་ཧང་ཀྲང་གཞོན་པ་ཨའེ་ཧ་མའེ་ཏེ·སའེ་དབྱི་ཏེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་དང་ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གིས“ཕུན་སུམ་ཚོགས་པ་དང་། བརྟན་པོ། སྣེ་མང་བཅས་ཀྱི”མཉམ་ལས་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་དཔལ་འབྱོར་འཕར་བ་དེས་ས་ཁུལ་གྱི་དཔལ་འབྱོར་རིམས་ནད་ཀྱི་ཁྲོད་དུ་མགྱོགས་མྱུར་སླར་གསོ་ཐུབ་པར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།

ཐབས་ལམ་མང་པོར་བརྟེན་ནས་མ་དངུལ་བསྡུ་རུབ་ལ་སྐུལ་མ་བཏང་བས་འབྱུང་འཕྲོད་དང་བསྟུན་མཁས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱུང་བ།

སྙན་སེང་ནང་འབྱུང་འཕྲོད་དང་བསྟུན་མཁས་ཀྱི་འཕེལ་རྒྱས་ནི་ས་ཁུལ་གྱི་དཔལ་འབྱོར་སླར་གསོའི་ཐབས་ལམ་གཙོ་བོ་ཡིན་པས། དཔལ་འབྱོར་དངོས་ཚན་ཁག་གིས་ངེས་པར་དུ་ནོར་སྲིད་དང་། ཁྲིམས་འཛུགས། ལྟ་འདོམས་སོགས་ཕྱོགས་མང་པོ་ནས་འགོ་བཙུགས་ཏེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་དགོས་པའི་ངོས་འཛིན་བྱས་ཡོད། རིམས་ནད་རྗེས་ཀྱི་དུས་རབས་སུ་སྲིད་གཞུང་དང་དམངས་ཁྲོད་ཀྱི་མ་རྩ་སྐོང་འཐེན་བྱས་ནས་ནུས་རྒྱུ་གཙང་མ་དང་། སྤྱི་པའི་འཕྲོད་བསྟེན། སློབ་གསོ། ལས་རིགས་གསོ་སྦྱོང་སོགས་ཁྱབ་ཁོངས་སུ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་དགོས།

ཙེ་ཐེན་ཁང་ཤིང་གིས་ངོས་འཛིན་བྱས་དོན། རིམས་ནད་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་དཔལ་འབྱོར་དངོས་ཚན་ཁག་གཅིག་རྒྱུན་མཐུད་འཕར་བ་དང་དྲང་གཞག་དྲང་བདེན་གྱི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ལ་འགོག་རྐྱེན་བཟོས་པ་དང་། ལྗང་མདོག་མ་རྩ་མཉམ་འདྲེས་དང་སྤྱི་ཚོགས་མ་རྩ་མཉམ་འདྲེས་སོགས་ཀྱི་བྱ་ཐབས་བརྒྱུད་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱུན་མཐུད་ཀྱི་སྒུལ་ནུས་བསྣན་ནས་ཁོར་ཡུག་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ལ་ཕན་པ་སྐྲུན་སྲིད།

སའེ་དབྱི་ཏེས་ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གིས་སླད་ཕྱིན་གྲོས་གཞི་ཆེན་པོ་གསུམ་ལ་གཙོ་གནད་དོ་ཁུར་བྱེད་རྒྱུ་སྟེ། ཁོར་ཡུག་རྒྱུན་མཐུད་འཕེལ་རྒྱས་དང་། གནམ་གཤིས་འགྱུར་ལྡོག་འཕྲོད་པ་དང་འགོར་དུ་གཏོང་བ། ན་རྒས་ཅན་གྱི་སྤྱི་ཚོགས་དང་འཕྲོད་བསྟེན་བདེ་འཇགས་བཅས་རེད། གྲོས་གཞི་དེ་དག་དང་ཀྲུང་གོའི་འཕེལ་རྒྱས་འབྲེལ་བ་དམ་ཟབ་ཡོད་པས། ཨེ་ཤེ་ཡ་དངུལ་ཁང་གིས་ཀྲུང་གོ་དང་མཉམ་ལས་ཀྱི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་བ་དང་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།