《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

ཡུན་ནན་དུ་གྲངས་འཛིན་ཅན་ལ་བརྟེན་ནས་མི་རིགས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་རམ་འདེགས་བྱེད་པ།

ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཡུན་ནན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་ཡུན་ནན་གྱིས་གྲངས་འཛིན་ཅན་གྱི་ལེགས་ཆར་བརྟེན་ནས་མི་རིགས་རིག་གནས་ཐོན་ཁུངས་ཀྱི་གྲངས་གཞིའི་མཛོད་ཁག་གཅིག་བཙུགས་ནས་མི་རིགས་རིག་གནས་ལ་སྲུང་སྐྱོབ་དང་རྒྱུན་འཛིན་ནུས་ལྡན་བྱེད་པར་སྐུལ་འདེད་བཏང་ཞིང་། མིག་སྔར་ཡུན་ནན་གྲངས་ཉུང་མི་རིགས་ཀྱི་གནའ་དཔེའི་གྲངས་གཞིའི་མཛོད་དང་། ཡུན་ནན་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོན་ཁུངས་མཛོད། ཡུན་ནན་གྱི་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་ངག་རྒྱུན་གྱི་སྲོལ་རྒྱུན་བསྟན་བཅོས་ཀྱི་གྲངས་གཞིའི་མཛོད་བཅས་དང་དེ་བཞིན་ཡུན་ནན་མཐའ་མཚམས་གྲངས་ཉུང་མི་རིགས་ཀྱི་སོ་ནམ་རིག་གནས་ཁྲིད་སྦྱོང་མཉམ་སྤྱོད་ལས་སྟེགས་སོགས་བཙུགས་ཡོད་པ་རེད།

གཞན་ཡང་ཡུན་ནན་གྱིས་གཞི་རྟེན་སྣ་ཚོགས་བསྐྲུན་ནས་མི་རིགས་རིག་གནས་རྒྱུན་འཛིན་ལ་སྐུལ་འདེད་བཏང་ཞིང་། ཡུན་ནན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཏང་ཙུའུ་ཁོངས་མི་ཀྲུའུ་རེན་གཞོན་པ་ལི་ཀྲེང་ཧུང་གིས་མིག་སྔར《ཡུན་ནན་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་གཅེས་ཉར་ཀུན་བཏུས》དེབ་100ལེགས་སྒྲིག་དཔེ་སྐྲུན་བྱས་པ་དང་། 《རྒྱ་རིགས་ཀྱི་རྩོམ་གཞིའི་ཡུན་ནན་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ཡིག་སྒྱུར་འགྲེལ་བཤད་དཔེ་ཚོགས》དེབ་9ཡིག་སྒྱུར་དཔེ་སྐྲུན་བྱས་པ། 《ཡུན་ནན་གྲངས་ཉུང་མི་རིགས་ཀྲུང་ཧྭ་རིག་གནས་ཀྱི་ཁས་ལེན་ཚད་ལྡན་ཡིག་ཆའི་བསྟན་བཅོས》དེབ་10རྩོམ་སྒྲིག་དཔེ་སྐྲུན་བྱས་ནས་མི་རིགས་ཁག་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་ལོ་རྒྱུས་ཀྱི་དཔང་པོ་བྱས་ཡོད་ལ་མི་རོགས་ཀྱི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་ཀྱི་དེང་རབས་རྒྱུན་འཛིན་ལ་བར་མཐོངས་དང་ས་རྒྱུ་གཤིན་པོ་ཡང་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།