《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月25日

མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་དྲེད་མོང་གི་ གནོད་འཚེ་སྔོན་འགོག་ནན་པོ་བྱས་པ།

འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱིས་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱི་བརྡ་ཐོ་བཀྲམ་སྟེ་འགན་འཁྲི་ནན་དུ་དང་། སྔོན་ཚུད་ནས་འཆར་འགོད། འགོག་སྲུང་ཟུང་འབྲེལ་བཅས་བྱས་ནས་བྱེད་ཐབས་སྣ་མང་སྤྱད་དེ་དྲེད་མོང་སོགས་རི་སྐྱེས་སྲོག་ཆགས་ལ་འགོག་ཟོན་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱི་ས་གནས་ཁག་གིས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་དང་གཏིང་ཟབ་ཏུ་བཏང་བ་དང་བསྟུན་ནས། རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱི་རིགས་ཁྱུའི་གྲངས་འབོར་ལོ་རེ་བཞིན་མང་དུ་འགྲོ་བ་དང་ཆབས་ཅིག རི་སྐྱེས་སྲོག་ཆགས་སྣ་ཚོགས་དང་ལྷག་པར་དུ་དྲེད་མོང་གིས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཐད་གྱོང་གུན་བཟོ་བའི་གནད་དོན་རིམ་བཞིན་མང་དུ་འགྲོ་ཡི་ཡོད། དཔྱིད་དུས་གནམ་གཤིས་རིམ་བཞིན་དྲོ་རུ་ཕྱིན་པ་དང་བསྟུན་ནས་དྲེད་མོང་དགུན་ཉལ་བྱས་རྗེས་ལྟོ་འཚོལ་བར་འགྲོ་མང་དུ་ཕྱིན་ཡོད།

དེར་བརྟེན་མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཐིང་གིས་ཕྱོགས་གཅིག་ནས་དྲེད་མོང་འགོག་སྲུང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ཆ་རྐྱེན་ཡོད་པའི་གྲོང་གསེབ་ཏུ་མང་ཚོགས་ཀྱི་མཉམ་འགོག་རུ་ཁག་འཛུགས་རྒྱུའི་གྲོས་འགོ་འདོན་པ། སྐོར་སྐྱོད་འགོག་སྲུང་དང་། ཆ་འཕྲིན་སྤེལ་རེས། ཕན་ཚུན་ཉེན་གཏོང་། མཉམ་འབྲེལ་འགོག་སྲུང་སོགས་ཀྱི་འགན་ནུས་ཁུར་ནས་དྲེད་མོང་འགོག་པའི་ཤེས་བྱ་ཁྱབ་གདལ་གཏོང་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ས་གནས་ཁག་དང་སྡེ་ཚན་ཁག་གིས་ལས་རིགས་གཙོ་འགན་ཁུར་མཁན་སྡེ་ཚན་གྱིས་འགན་འཁྲི་རང་འགུལ་ངང་དོན་འཁྱོལ་ཡག་པོ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་དྲེད་མོང་གི་གྲངས་འབོར་དང་། ཁྱབ་ཚུལ། འགྲོ་འོང་བྱེད་ཚུལ་སོགས་ཁོང་དུ་ཆུད་པ་གཞིར་བཟུང་། བརྡར་གཅོད་དབྱེ་ཞིབ་ནན་ཏན་དང་། སྔོན་ཚུད་ནས་འཆར་འགོད་བཀོད་སྒྲིག་བྱས་ཏེ་ཆ་འཕྲིན་ཤར་གཏོང་དང་། ཚུར་ལན་མྱུར་བ། བྱ་སྤྱོད་ནུས་ལྡན་བཅས་ཀྱི་སྔོན་བརྡའི་མཉམ་འགོག་ལམ་སྲོལ་ཞིག་གྲུབ་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

(པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)