《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月25日

ཞིབ་འཇུག་གསར་པས་མཚོ་བོད་ས་མཐོའི་གངས་འཁྱག་ཁྲོད་ཀྱི་འགྱིག་ཕྲན་གྱི་ཁྱད་ཆོས་དང་དེའི་འབྱུང་ཁུངས་གསལ་སྟོན་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་སྣོད་བཅུད་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་ཁང་གི་ཞིབ་འཇུག་གསར་ཤོས་ཤིག་ལས། མཚོ་བོད་ས་མཐོའི་ལྷོ་རྒྱུད་ཀྱི་ཕྱྭ་གཡང་འཁྱག་རོམ་དང་བྱང་རྒྱུད་ཀྱི་སྟག་རོང་འཁྱག་རོམ་ཨང་12པའི་ཁྲོད་ཀྱི་འགྱིག་ཕྲན་གྱི་གནས་སྟངས་དང་འབྱུང་ཁུངས་གསལ་སྟོན་བྱས་པ་དེས་འགྱིག་ཕྲན་འཁོར་རྒྱུག་ལ་ཞིབ་འཇུག་བྱེད་པར་དཔྱད་གཞི་གསར་པ་མཁོ་འདོན་བྱས་ཡོད།

ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཁང་ཧྲི་ཁྲང་གིས་འགྱིག་ཕྲན་ནི་ཆེ་ཆུང་ཧའོ་སྨི་5ལས་ཆུང་བའི་འགྱིག་ཤོག་གི་རྡུལ་ཕྲན་དང་དེ་བཞིན་འཁེལ་འཐག་ཚི་སྣ་ཡིན་པས། རྒྱ་མཚོའི་སྣོད་བཅུད་བདེ་འཇགས་ལ་ཉེན་ཁ་བཟོ་ཡི་ཡོད། རྒྱ་མཚོ་ཕུད་ཚན་རིག་མཁས་ཅན་གྱིས་ད་དུང་བྱང་སྣེའི་གངས་གསོག་དང་མིའི་རིགས་ཀྱི་འགུལ་སྐྱོད་ཉུང་བའི་རང་བྱུང་སྲུང་སྐྱོང་ཁུལ་ནས་འགྱིག་ཕྲན་ཤེས་རྟོགས་ཐུབ་པ་དེ་ལས། ཐག་རིང་ས་ཁུལ་དུ་འགྱིག་ཕྲན་ནི་རླུང་ཁམས་ཆེ་མོ་བརྒྱུད་ནས་འཁྱེར་ཡོང་བ་ར་འཕྲོད་བྱུང་ཡོད། ཞིབ་འཇུག་ལས་མཚོ་བོད་ས་མཐོར་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་དབུས་མ་སོགས་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་དངོས་པོ་ས་ཁོངས་སྒྲོལ་ནས་འཁྱེར་ཡོང་བའི་ཤུགས་རྐྱེན་ཕོག་པ་གསལ་སྟོན་བྱས་ཡོད། མཚོ་བོད་ས་མཐོའི་འཁྱག་རོམ་ཁུལ་དུ་མིའི་རིགས་ཀྱི་འགུལ་སྐྱོད་ཀྱི་ཤུགས་རྐྱེན་དེ་ཙམ་ཐེབས་མེད་པས་འགྱིག་ཕྲན་ནི་རླུང་ཁམས་ཆེ་མོ་བརྒྱུད་ནས་འཁྱེར་ཡོང་གི་ཡོད་པ་རིགས་པས་ཁུངས་སྐྱེལ་བྱེད་ས་ཧ་ཅང་ཡག་པོ་ཞིག་ཡིན་ཞིང་། དེའི་འགྱིག་ཕྲན་གྱི་གནས་སྟངས་དང་འབྱུང་ཁུངས་ཀྱིས་འགྱིག་ཕྲན་རླུང་ཁམས་ཆེ་མོའི་ཁྲོད་འགུལ་སྐྱོད་བྱེད་པའི་ཆོས་ཉིད་ཤེས་རྟོགས་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཁང་ཧྲི་ཁྲང་དང་དེའི་ཚོགས་པའི་ཁོངས་མིས་མཚོ་བོད་ས་མཐོའི་ལྷོ་རྒྱུད་ཀྱི་ཕྱྭ་གཡང་འཁྱག་རོམ་དང་བྱང་རྒྱུད་ཀྱི་སྟག་རོང་འཁྱག་རོམ་ཨང་12པ་ནས་གངས་འཁྱག་གི་མ་དཔེ་བླངས་ཡོད། ཁོང་ཚོས་གངས་འཁྱག་གི་མ་དཔེ་ཚང་མའི་ཁྲོད་ནས་འགྱིག་ཕྲན་ཞིབ་དཔྱད་ཚད་ལེན་ཐུབ་ཡོད།

ཚོགས་པའི་ཁོངས་མི་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཀྲང་གཡུས་ལན་གྱིས་གསར་འགོད་པར། ཞིབ་དཔྱད་ཐུབ་པའི་འགྱིག་ཕྲན་ནང་། ཚི་སྣ་དང་། འགྱིག་ཤོག་ལྷེབ་འཛར། འགྱིག་ཤོག་སྲབ་མོ་བཅས་བཟོ་དབྱིབས་མི་འདྲ་བ་གསུམ་ཡོད་པ་དང་། དེའི་ཁྲོད་ཚི་སྣའི་འགྱིག་ཕྲན་མང་པོ་མཐོང་རྒྱུ་ཡོད་པ་རེད། འགྱིག་ཕྲན་གྱི་ཚོན་མདོག་ལ་སྣ་ཁ་མང་ཞིང་། མང་ཆེ་བ་ཆེ་ཆུང་ཝུའེ་སྨི་100ལས་ཆུང་བ་ཤ་སྟག་ཡིན་པ་དང་། གངས་འཁྱག་གི་མ་དཔེའི་ཁྲོད་ནས་ད་དུང་ཅུས་ཤན་ཨན་དང་། འགྱིག་རིགས། ཅུས་པིང་ཤིས་སོགས་ཚུད་པའི་འདུས་སྦྱོར་གྱི་དངོས་རྫས་7ཙམ་ཞིབ་དཔྱད་ཚད་ལེན་ཐུབ་ཡོད་ཅེས་བརྗོད།

ཀྲང་གཡུས་ལན་གྱིས་འབྲེལ་ཡོད་འདྲ་དཔེར་དབྱེ་ཞིབ་བྱས་རྗེས་མཚོ་བོད་ས་མཐོའི་འགྱིག་ཕྲན་དེ་དག་ནི་ཐག་ཉེ་ས་ནས་འཁྱེར་ཡོང་བ་ཡོད་ལ། རླུང་ཁམས་ཆེ་མོ་བརྒྱུད་ཐག་རིང་པོ་ནས་འཁྱེར་ཡོང་བའང་ཡོད་པ་ར་འཕྲོད་གསལ་པོ་བྱུང་ཡོད། “ཆེ་ཆུང་ཝུའེ་སྨི་100ཡི་འགྱིག་ཕྲན་མང་ཆེ་བ་ནི་ས་ཆ་ག་གེ་མོ་ཞིག་ནས་འཁྱེར་ཡོང་བ་ཡིན་པ་དང་། ཝུའེ་སྨི་1དང་ཝུའེ་སྨི་10ཡི་འགྱིག་ཕྲན་ནི་གཙོ་བོ་རླུང་ཁམས་ཆེ་མོ་བརྒྱུད་ཐག་རིང་པོ་ནས་འཁྱེར་ཡོང་བ་ཞིག་རེད”ཅེས་བརྗོད།

ངོ་སྤྲོད་བྱས་པར་གཞིགས་ན། ཞིབ་འཇུག་དེར་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་དང་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པའི་རྣམ་གྲངས་ཀྱི་རྒྱབ་སྐྱོར་ཐོབ་པ་དང་། འབྲེལ་ཡོད་གྲུབ་འབྲས་ཉེ་ཆར《སྤྱི་ཡོངས་ཀྱི་ཁོར་ཡུག་དང་ཚན་རིག》ཅེས་པའི་རྒྱལ་སྤྱིའི་དུས་དེབ་ཐོག་བཏོན་ཡོད། (བསྟན་བློས་བསྒྱུར། པ་སངས་སྒྲོན་ལགས་དང་བསྟན་བློས་ཞུས)