《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月25日

ཤིང་འཛུགས་ནགས་བཟོ་བྱས་ནས་ཚེ་སྲོག་གི་རྒྱུན་ཐག་བསྲིངས།

—— ཡུལ་ཤུལ་4·14ཤིང་འཛུགས་བྱེད་སྒོའི་ཟུར་བྲིས།

ཞོགས་པར། དཔྱིད་ཀྱི་ཁ་བ་བབས་ནས་ཡུལ་ཤུལ་ས་གཞི་ཆེན་པོ་དངུལ་དཀར་གྱི་ལྭ་བས་བཀླུབས་ཤིང་། རྒྱང་རིང་གི་རི་བོའི་རྩེ་མོ་ཁ་བས་བརྒྱན། ཁྲོམ་གཞུང་གཡས་གཡོན་དུ་སྐྱེས་པའི་གསོམ་ཤིང་དག་ལའང་འཁྱགས་པའི་རྣ་རྒྱན་བཏགས་པ་བཞིན་དུ་སྣང་།

ཞོགས་པའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་ཐོག ཡུལ་ཤུལ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་7ཙམ་ཡོད་པའི་འབའ་ཆུའི་ཆུ་འགོའི་ཉེ་འགྲམ་དུ། ཡུལ་ཤུལ་གྱི་མི་དམངས་6000ཙམ་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ནས་མཚོ་སྔོན་གྱི་ཐང་ཤིང་སྤྲིན་རིས་མ་དང་། མདོ་ལའི་རྒྱ་ཤུག ལི་ཤི་སོགས་སྡོང་ཕྲུག་རྐང་ཁྲི་2.5ལྷག་ཙམ་བཙུགས་པ་རེད།

ལོ་11གོང་གི་ས་ཡོམ་རིམ་པ་7.1ཅན་དེ་ལས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ལ་གནོད་སྐྱོན་ཚབས་ཆེན་ཕོག་ཡོད། ལོ་11གི་རྗེས་སུ། ཡུལ་ཤུལ་མི་དམངས་ཀྱིས་ཤིང་འཛུགས་རྣམ་པའི་ཐོག་ནས་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་གཉེན་ཉེ་ལ་མྱ་ངན་ཞུས་པ་རེད།

ལོ་19ལ་སླེབས་པའི་ཀརྨ་འཆི་མེད་རྣམ་རྒྱལ་ནི་ཡུལ་ཤུལ་ཀྲོའུ་བརྒྱད་གཅིག་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་ཞིག་རེད། ཁོང་དང་ཁོང་གི་སློབ་གྲོགས་ཚོས་སྡོང་ཕྲུག་སྐྱོར་བ་དང་། ས་སྐྱོར་རྒྱག་པ། ས་བཅག་པ། ཆུ་རྒྱག་པ་སོགས་བརྒྱུད་རིམ་རེ་རེ་ཁྲལ་སེལ་སླ་བཅོས་སྤུ་ཙམ་མེད་པར་སྡོང་ཕྲུག་མང་པོ་བཙུགས་པ་རེད།

“དྲང་མོར་སྐྱོར་དང་། དྲང་མོར་མ་སྐྱོར་ན་འཁྱོག་པོར་སྐྱེ་གི་རེད། ང་ཚོས་བཙུགས་པའི་མཚོ་སྔོན་གྱི་ཐང་ཤིང་སྤྲིན་རིས་མས་ཕ་ཡུལ་སྔར་བས་སྔོ་ལྗང་དུ་འགྱུར་ཐུབ་པར་སྨོན”ཞེས་ཡུལ་ཤུལ་ཀྲོའུ་མི་རིགས་སློབ་འབྲིང་གི་སློབ་མ་བསོད་ནམས་འོད་ཟེར་གྱིས་ཁོང་གི་སློབ་གྲོགས་ཁྱུང་མོ་བདེ་སྒྲོན་ལ་བཤད།

ཡུལ་ཤུལ་ཀྲོའུ་སློབ་གསོ་ཅུས་གཞུང་ལས་ཁང་གི་ཀྲུའུ་རེན་ཚེ་རིང་རྡོ་རྗེས། ཉིན་དེའི་ཤིང་འཛུགས་བྱེད་སྒོའི་ནང་ཡུལ་ཤུལ་ཀྲོའུ་ཡི་སློབ་གྲྭ་བཞི་ནས་ཡོང་བའི་སློབ་མ་200ལྷག་ཙམ་ཞུགས་ཡོད། “སློབ་ཕྲུག་ཚོས་སྡོང་པོ་འཛུགས་ཞོར་དུ་རང་ཉིད་སེམས་ནང་དུ་ཡང་ལྗང་མདོག་གི་ས་བོན་ཞིག་འདེབས་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

ཉིན་དེར་ཤིང་འཛུགས་བྱ་ཡུལ་གཞན་ཞིག་སྟེ་ཡུལ་ཤུལ་གྲོང་ཁྱེར་ཁྱུང་ལུང་སྤྱི་གླིང་དུ་ཡང་ཤིང་འཛུགས་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་ཡོད་པ་རེད། ནགས་སྲུང་བ་ཨོ་རྒྱན་ཚེ་འཕེལ་གྱིས། ང་ཚོས་ཉིན་ཤས་གོང་ནས་བཟུང་རྡོ་ཧྲུག་སྒྲུག་དང་ས་ཁོད་སྙོམས་པ་སོགས་བྱས་ནས་སྡོང་པོ་འཛུགས་རྒྱུའི་་གྲ་སྒྲིག་བྱས་པ་ཡིན་ཞེས་བཤད།

གཙང་གསུམ་ཆུ་འགོར་ཡོད་པའི་ཡུལ་ཤུལ་ནི་ཀྲུང་གོའི་སྐྱེ་ཁམས་སྲུང་ཡོལ་དང་ཆུ་རྩ་གསོ་འཁྱོངས་ཁུལ་གལ་ཆེན་ཞིག་ཡིན་པས་ཀུན་གྱིས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་འབོད་ཀྱི་ཡོད་ལ་སྐྱེ་ཁམས་ཀྱི་གནས་བབ་ཀྱང་ཧ་ཅང་གལ་ཆེན་པོ་ཡོད་པ་རེད།

སྔོན་ཆད་དེ་གར་ས་བབ་མཐོ་ཞིང་རྩི་ཤིང་ཉུང་སྟབས་མི་རྣམས་ཀྱིས“ལྗོན་ཤིང་གསེར་ལས་དཀོན་པའི་ཡུལ”ཞེས་འབོད་ཀྱི་ཡོད་པ་རེད།

ཡུལ་ཤུལ་གེགས་རྗེས་བསྐྱར་སྐྲུན་བྱས་པའི་ལོ་3གྱི་རིང་ཁྱོན་མ་དངུལ་སྒོར་དུང་ཕྱུར་447.54བཏང་བར་བསྐྱར་སྐྲུན་རྣམ་གྲངས་1248ཡོད་པ་དང་། གེགས་རྗེས་ཀྱི་ལོ་10ཡི་ནང་། ཡུལ་ཤུལ་ཀྲོའུ་ཡིས་ལོ་ལྟར་ནོར་སྲིད་མ་དངུལ་གྱི་75%ཡན་དམངས་འཚོའི་ཐད་བཏང་ཡོད། 2013ལོ་ནས་ད་བར་དུ། སྲིད་གཞུང་གིས་ཡུལ་ཤུལ་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་ཐད་མ་དངུལ་སྒོར་དུང་ཕྱུར་5ཙམ་བཏང་ཡོད་པ་རེད།

ན་ནིང་གི་ལོ་མཇུག་ཏུ། ཡུལ་ཤུལ་རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར་གྱི་གྲས་སུ་ཚུད་ཅིང་། ཡུལ་ཤུལ་གྱི་མི་སེར་ཚོས་གེགས་རྗེས་བསྐྱར་སྐྲུན་གྱི་གྲུབ་འབྲས་ལོངས་སུ་སྤྱོད་པ་དང་ཆབས་ཅིག་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ཀྱང་ཁོང་ཚོའི་སེམས་སུ་ཟུག་ཡོད་པ་རེད།

“ལྗང་མདོག་ནི་ཡུལ་ཤུལ་གྱི་གཞི་རྩའི་ཁ་དོག་མཛེས་ཤོས་དེ་ཡིན་ལ། ང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་འདི་གའི་སེམས་ཅན་དང་རྩི་ཤིང་ཚང་མ་ཡག་པོར་བསྲུངས་ཏེ། རྒྱལ་ཡོངས་མི་དམངས་ཀྱིས་ཡུལ་ཤུལ་ལ་བྱམས་བརྩེ་གནང་བར་དྲིན་ལན་འཇལ་རྒྱུ་ཡིན”ཞེས་ཡུལ་ཤུལ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཉིང་དབྱང་གིས་བཤད།

(ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གློག་འཕྲིན)

(དམ་ཆོས་མི་ཕམ་གྱིས་བསྒྱུར་ཅིང་པ་སངས་ཕན་ཐོགས་ཀྱིས་ཞུས)