《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月25日

“རྒྱུད་གཅིག་ལམ་གཅིག”མཉམ་ལས་ཀྱིས་རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོར་ནུས་པ་གལ་ཆེན་ཐོན་རྒྱུ་ཡིན་པ།

—— མ་ལེ་ཞི་ཡའི་ཨེ་ཤེ་ཡའི་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ གསར་པའི་ཀྲུའུ་ཞི་ཝུང་ཧྲེ་ཅེར་བཅར་འདྲི་བྱས་པ།

ཉིན་ཤས་གོང་། མ་ལེ་ཞི་ཡའི་ཨེ་ཤེ་ཡའི་འཐབ་ཇུས་ཞིབ་འཇུག་ལྟེ་གནས་གསར་པའི་ཀྲུའུ་ཞི་ཝུང་ཧྲེ་ཅེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཏོག་གསར་རིམས་ནད་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་དེས་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་གཞན་དག་དབར་གྱི་མཛའ་བརྩེ་ཟབ་ཏུ་ཕྱིན་ཡོད། ཀྲུང་གོའི་དཔལ་འབྱོར་སྔོན་ལ་སླར་གསོ་བྱུང་བ་དང་སྦྲགས“རྒྱུད་གཅིག་ལམ་གཅིག”མཉམ་ལས་ཀྱིས་རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོར་ནུས་པ་གལ་ཆེན་ཐོན་རེ་ཡོད་ཅེས་བཤད་པ་རེད།

ཚེས་18ཉིན། པོ་ཨའོ་ཨེ་ཤེ་ཡ་གླེང་སྟེགས་ཀྱིས་སྤེལ་བའི《ཨེ་ཤེ་ཡའི་དཔལ་འབྱོར་གྱི་མདུན་ལམ་དང་གཞི་གཅིག་ཅན་གྱི་འཕེལ་རིམ》2021ལོའི་ལོ་འཁོར་གྱི་སྙན་ཞུའི་ནང་། རིམས་ནད་ཀྱི་ཚོད་བགམ་མདུན་དུ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལས་མཉེན་ཆ་དང་གསོན་ཤུགས་ཆེན་པོ་མངོན་ཞིང་། དེ་འབྲེལ་གྱི་རྣམ་གྲངས་ལ་རྒྱུན་མཐུད་སྐུལ་འདེད་ཐེབས་པ་དང་། མཉམ་ལས་ཀྱི་གྲུབ་འབྲས་དང་བཀྲག་མདངས་འཚེར་ས་ཧ་ཅང་མང་བ། ཚོང་དོན་དང་མ་འཇོག་འཕར་བ་བཅས་བྱུང་བ་བསྟན་ཡོད།

ཝུང་ཧྲེ་ཅེ་ཡིས། རིམས་ནད་རྗེས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་དབར་ཕན་ཚུན་རོགས་རེས་བྱས་ཤིང་། ཀྲུང་གོས་རྒྱལ་ཁབ་མང་པོ་ཞིག་ལ་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་མངགས་པ་མ་ཟད་ཏོག་གསར་རིམས་འགོག་སྨན་ཁབ་ཀྱང་མཁོ་འདོན་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དབར་གྱི་མཛའ་བརྩེ་ཟབ་ཏུ་བཏང་ཡོད། “ཀྲུང་གོས་རིམས་འགོག་སྨན་ཁབ་དེ་ཉིད་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ལ་འགྱུར་བའི་ཁས་ལེན་བསྒྲུབས་ཡོད”ཅེས་བརྗོད་པ་རེད།

“ཀྲུང་གོ་ནི་2020ལོར་དཔལ་འབྱོར་དངོས་སུ་འཕར་བའི་དཔལ་འབྱོར་དངོས་ཚན་གཙོ་བོ་འབའ་ཞིག་དེ་ཡིན་པ་དང་རིམས་ནད་རྗེས་སུ་དཔལ་འབྱོར་སླར་གསོ་བྱེད་རིང་སྣེ་ཁྲིད་ཀྱི་ནུས་པ་ཐོན་རྒྱུ་རེད། དེ་དང་ཆབས་ཅིག‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་བཏོན་པ་དང་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་བཀོད་ཇུས་གསར་པ་མགྱོགས་མྱུར་བཟོས་ནས་གཉིས་ལས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ནང་ཞུགས་མཁན་རྒྱལ་ཁབ་ལ་ཁྲོམ་ར་ཆེན་པོ་མཁོ་འདོན་ཐུབ་རེ་ཡོད”ཅེས་ཝུང་ཧྲེ་ཅེས་བརྗོད།

དེ་དང་ཆབས་ཅིག་ཝུང་ཧྲེ་ཅེས། “རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་ཀྱི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་འགྲོ་བས“བདེ་ཐང་གི་དར་གོས་ལམ་བུ”དང“གྲངས་འཛིན་གྱི་དར་གོས་ལམ་བུ”འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དུས་ལ་བབས་ཡོད་ཅེས་བརྗོད།

ཝུང་ཧྲེ་ཅེས་ཀྲུང་གོའི་གྲངས་འཛིན་དཔལ་འབྱོར་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལས་རྒྱལ་ཁབ་གཞན་ལ་དཔྱད་གཞི་མཁོ་འདོན་ཐུབ་པ་དང་། “ཀྲུང་གོས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བརྒྱུད་གཏིང་ཤུགས་ཆེན་པོ་འཕེལ་ཡོད། རིམས་ནད་ཀྱི་ཤུགས་རྐྱེན་རྒྱུན་མཐུད་ཐེབས་པའི་འོག་ཁྱབ་ཁོངས་འདི་ནི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་འཕེལ་རྒྱས་འགྲོ་བའི་སྐུལ་ཤུགས་གཙོ་བོ་ཞིག་ཏུ་འགྱུར་རྒྱུ”ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

ཝུང་ཧྲེ་ཅེས་ད་དུང“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་མང་ཆེ་བ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་ཞིང་། དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་དབར་དོ་མཉམ་གྱི་འགྲན་སློང་འཕྲད་བཞིན་ཡོད་ཅེས་བརྗོད་པ་དང་། ཁོང་གིས“རྒྱུད་གཅིག་ལམ་གཅིག”དེ་ཉིད་འབྲེལ་ཡོད་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་མཉམ་ལས་བྱེད་པའི་ལས་སྟེགས་སུ་བྱས་ཆོག་ཅེས་ངོས་འཛིན་བྱས་པ་རེད།

“ཀྲུང་གོས་ཁྲིམས་བཟོ་བ་དང་ཤིང་འཛུགས་ནགས་བཟོ་སོགས་ཀྱི་ཐབས་ཤེས་བརྒྱུད་ཁོར་ཡུག་སྲུང་སྐྱོང་ཐད་གྲུབ་འབྲས་ལྡན་པའི་ཉམས་མྱོང་མི་ཉུང་བ་ཞིག་བསགས་པ་དེས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་རོགས་ཟླར་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱེད་ཐུབ”ཅེས་ཝུང་ཧྲེ་ཅེས་བརྗོད་པ་རེད།

(ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁྭ་ལ་ལུམ་ཕུར་ནས་འབྱོར་བའི་གློག་འཕྲིན)

(ཚེ་སྒྲོལ་གྱིས་བསྒྱུར། བདེ་དབང་གིས་ཞུས)