《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月25日

རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཕན་འབྲས་མངོན་གསལ་དོད་པ།

ཀྲུང་གོའི་རིམས་འགོག་སྨན་ཁབ་ལ་ཕྱི་རྒྱལ་དུ་བསྔགས་བརྗོད་ཆེན་པོ་ཐོབ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ནས་ཀྲུང་གོའི་རིམས་འགོག་སྨན་ཁབ་ལ་ཕྱི་རྒྱལ་དུ་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་པ་རེད།

ཀྲུང་གོའི་རིམས་འགོག་སྨན་ཁབ་ཕྱི་རྒྱལ་དུ་བཏང་བ་དང་ཆབས་ཅིག་རྒྱལ་ཁབ་མང་པོར་ཀྲུང་གོའི་རིམས་འགོག་སྨན་ཁབ་ཀྱི་ཕན་འབྲས་རིམ་གྱིས་ཐོན་བཞིན་ཡོད་པ་རེད། འགོ་ནད་སྔོན་འགོག་དང་ནད་གཞི་ཚབས་ཆེན་མི་ཐོན་པ་བྱེད་པའམ་ཡང་ན་སྤྱི་ཡོངས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཐད་ཀྲུང་གོའི་རིམས་འགོག་སྨན་ཁབ་ཀྱིས་ནུས་པ་ཆེན་པོ་ཐོན་པས་བསྔགས་བརྗོད་རྒྱ་ཁྱབ་ངང་ཐོབ་ཡོད་པ་རེད།

ཉེ་ཆར་ཆི་ལིའི་ཚན་རྩལ་པུའུ་ཀྲང་ཁོ་ཝུའེ་ཡིས་ཆི་ལི་འཕྲོད་བསྟེན་པུས་ཁྱབ་བསྒྲགས་བྱས་པའི་ཀྲུང་གོའི་ཁོའོ་ཤིན་གྱིས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཀྱིས་སྲུང་སྐྱོང་ཐུབ་པའི་ཕན་འབྲས་གྲངས་གཞི་གསར་ཤོས་ནི་མི་རྣམས་ཧང་སངས་དགོས་པ་ཞིག་ཡོད། ཁོང་གིས་ཞིབ་འཇུག་བྱས་པ་ལས་ཀྲུང་གོའི་ཁོའོ་ཤིན་གྱིས་ཐོན་སྐྱེད་བྱས་པའི་རིམས་འགོག་སྨན་ཁབ་ལ་རིམས་ནད་སྔོན་འགོག་དང་། སྨན་ཁང་དུ་བསྡད་དེ་སྨན་བཅོས། ནད་གཞི་ཚབས་ཆེན་དང་ནད་གཞི་འགོས་ནས་ཤི་བའི་གནས་ཚུལ་མི་ཐོན་པ་བཅས་ཐད་ནུས་པ་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་བརྗོད་པ་རེད།

“དངོས་ཡོད་ཀྱི་འཛམ་གླིང་ཞིབ་འཇུག”ནི་དངོས་ཡོད་ཀྱི་འཛམ་གླིང་ཁོར་ཡུག་ཁྲོད་ནད་པ་དང་འབྲེལ་བ་ཡོད་པའི་གྲངས་གཞི་བསྡུ་རུབ་བྱས་པ་བརྒྱུད་སྨན་བཅོས་ཐོན་རྫས་བེད་སྤྱོད་ཀྱི་རིན་ཐང་དང་མངོན་མེད་ཕན་འབྲས་སམ་ཡང་ན་ཉེན་ཁའི་དཔང་རྟགས་ཐོབ་པར་བྱེད་པར་ཟེར།

སར་པི་ཡར་མིག་སྔར་སྤྱོད་བཞིན་པའི་ཏོག་གསར་རིམས་འགོག་སྨན་ཁབ་མང་ཆེ་བ་ཀྲུང་གོ་རྒྱལ་སྨན་ཚོགས་པས་ཐོན་སྐྱེད་བྱས་པའི་རིམས་འགོག་སྨན་ཁབ་ཡིན་པ་རེད། སར་པི་ཡའི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཚོགས་ཆུང་གི་འགན་ཁུར་བ་ཕུར་ལེ་ཏེ་ལ་ཀེ·ཁོ་ཨེན་གྱིས་ཉེ་ཆར་ས་གནས་དེ་གའི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་ཏོག་གསར་རིམས་འགོག་སྨན་ཁབ་རྒྱ་ཁྱབ་ངང་སྤྱད་པ་ལས་སར་པི་ཡའི་རིམས་ནད་ཚད་གཞི་ངེས་ཅན་གྱི་ཐོག་ནས་ཚོད་འཛིན་ཐུབ་པའི་ཁྲོད་རྒྱལ་ས་པེལ་ཀེ་རེ་ཏེར་ཕན་འབྲས་དེ་བས་མངོན་གསལ་དོད་པ་ཐོན་ཡོད་ཅེས་བརྗོད་པ་རེད།

ཁོ་ཨེན་གྱིས་པེལ་ཀེ་རེ་ཏེ་རུ་དར་མ་34%ཙམ་ལ་རིམས་འགོག་སྨན་ཁབ་བརྒྱབ་པར་ཉིན་ལྟར་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་བྱུང་བའི་ནད་པ་འཕར་ཚད་མངོན་གསལ་དོད་པོས་ཆག་ནས་ད་ཆ་ཉིན་ལྟར་གཏན་འཁེལ་བྱུང་བའི་ནད་པ་འཕར་ཚད་1000ལས་དམའ་བ་ཡོད། “གྲངས་ཚད་མགྱོགས་པོ་འདི་ལྟ་བུ་ཆག་ཡོང་སྙམ་མཁན་མེད། དེ་ཐོག་ནས་རིམས་འགོག་སྨན་ཁབ་ཀྱིས་པེལ་ཀེ་རེ་ཏེར་ཕན་འབྲས་ཆེན་པོ་ཐོན་པ་གསལ་བཤད་བྱེད་ཐུབ”ཅེས་བརྗོད་པ་རེད།

ཉེ་ཆར་སར་པི་ཡའི་འཕྲིན་གཏོང་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། མིག་སྔའི་བར་མི་ཁྲི་180ལྷག་ཙམ་གྱིས་སར་པི་ཡར་ཏོག་གསར་རིམས་འགོག་སྨན་ཁབ་ཉུང་མཐར་ཡང་ཐེངས་རེ་གཟེད་པའི་ཁྲོད་མི་ཁྲི་120ལྷག་ཙམ་གྱིས་ཏོག་གསར་རིམས་འགོག་སྨན་ཁབ་ཐེངས་གཉིས་གཟེད་ཡོད་པ་རེད།

ཨ་རིའི་ཧྥུང་པོ་གསར་འགྱུར་ཁང་གིས་ཉེ་ཆར་ཨོ་སི་ཁྲུ་ལི་ཡའི་རིགས་གཅིག་མཁས་ཅན་གཉིས་ཀྱི་ལྟ་བ་བཀོད་པའི་རྩོམ་ཡིག་དྲངས་ནས་ཀྲུང་གོའི་ཁོའོ་ཤིན་གྱིས་ཐོན་སྐྱེད་བྱས་པའི་རིམས་འགོག་སྨན་ཁབ་ལ་ཏོག་གསར་གློ་ཚད་ཀྱི་ནད་ཚབས་ལྕི་རུ་འགྲོ་རྒྱུ་སྔོན་འགོག་བྱེད་པར་ཕན་འབྲས་ཧ་ཅང་ཆེན་པོ་ཡོད་ཅེས་བརྗོད་པ་རེད།

ཧྥུང་པོ་གསར་འགྱུར་ཁང་གིས་ཉེ་ཆར་ཁོའོ་ཤིན་གྱིས་ཐོན་སྐྱེད་བྱས་པའི་རིམས་འགོག་སྨན་ཁབ་ཀྱི་ཕན་ནུས་སོགས་ཀྱི་སྐོར་ལ་ཨོ་སི་ཁྲུ་ལི་ཡའི་མོ་ཏོ་ཁེ་བྱིས་པའི་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ཧྥེ་ཨའོ་ན·ལུའེ་སེར་དང་དེ་བཞིན་ཁུན་ཧྲེ་ལན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་འགོ་ནད་དང་སྐྱེ་དངོས་ཕྲ་རབ་རིག་པའི་རིགས་གཅིག་མཁས་ཅན་པའོ་ལུའོ·ཀེ་ལི་ཧྥེན་ལ་བཅར་འདྲི་བྱས་པ་རེད། ལུའེ་སེར་གྱིས་ཁོའོ་ཤིན་གྱིས་ཐོན་སྐྱེད་བྱས་པའི་རིམས་འགོག་སྨན་ཁབ་ལ་ནད་ཚབས་ལྕི་རུ་འགྲོ་རྒྱུ་སྔོན་འགོག་བྱེད་པར་ཕན་འབྲས་ཧ་ཅང་ཆེན་པོ་ཡོད་པས་སྨན་བཅོས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་མ་འགོས་པ་བྱ་རྒྱུར་ཕན་ནུས་ཐོན་ཚད་84%ཙམ་ཟིན་པ་དང་ཏོག་གསར་གློ་ཚད་རིམས་ནད་ཕོག་ཚབས་འབྲིང་བ་ནས་ལྕི་བར་འགྱུར་རྒྱུ་སྔོན་འགོག་བྱེད་པར་ཕན་ནུས་ཐོན་ཚད་100%ཟིན་ཡོད། དེ་ནི་དམངས་ཚོགས་ཀྱིས་ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་ནུས་པར་སྔོན་དཔག་བྱས་པ་ཞིག་ཡིན་ལ་རིམས་ནད་ཚབས་ཆེན་ཕོག་མཁན་ལ་སྲུང་སྐྱོང་ཡང་དེ་བས་ལེགས་པ་ཐུབ་ཀྱི་ཡོད་ཅེས་བརྗོད་པ་རེད།