《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月25日

རྒྱལ་ཡོངས་ཀྱི་རྒྱལ་དམངས་ཀྱི་དཔེ་ཀློག་བརྟག་དཔྱད་ཐེངས་18པ་ལས་མངོན་པར།

ན་སོ་དར་ལ་བབས་པའི་རྒྱལ་དམངས་ཀྱི་ཕྱོགས་བསྡུས་དཔེ་ཀློག་བྱེད་ཚད་81.3%ཟིན་པ།

ཟླ་4ཚེས་23ཉིན་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་ཡིན་པ་དང་། ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་གྱི་གྲོང་མིས་དེབ་ཁང་དང་དཔེ་མཛོད་ཁང་ལ་བསྐྱོད་དེ་དཔེ་དེབ་ཉོ་བ་དང་ཁ་ཁུ་སིམ་པོར་དཔེ་དེབ་ཀློག་པར་བྲེལ་ཅིང་། འདི་ནི་2021ལོའི་ཟླ་4ཚེས་22ཉིན་ཀློག་པ་པོས་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་ཀོན་ཧྲན་མཚོ་ཁུལ་གྱི་དེབ་ཁང་ཞིག་ནང་དཔེ་དེབ་ལྟ་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་23ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་ཀྱི་རྒྱལ་དམངས་ཀྱི་དཔེ་ཀློག་བརྟག་དཔྱད་ཐེངས་18པ་བྱས་པའི་འབྲས་བུ་ཚེས་23ཉིན་པེ་ཅིང་དུ་ཁྱབ་བསྒྲགས་བྱས་ཤིང་། བརྟག་དཔྱད་ནང་། 2020ལོར་རང་རྒྱལ་གྱི་ན་སོ་དར་ལ་བབས་པའི་རྒྱལ་དམངས་ཀྱིས་ཚགས་པར་དང་དུས་དེབ་དང་། གྲངས་འཛིན་དཔེ་སྐྲུན་དངོས་པོ་ཚུད་པའི་སྨྱན་སྦྱོར་རིགས་ཁག་གི་ཕྱོགས་བསྡུས་དཔེ་ཀློག་བྱེད་ཚད་81.3%ཟིན་ཏེ། མི་རེས་ཤོག་བུའི་དཔེ་ཆ་ཆ་སྙོམས་ལྟ་ཀློག་བྱེད་ཚད་དེབ་4.70དང་། མི་རེས་གློག་རྡུལ་དེབ་ཆ་སྙོམས་ལྟ་ཀློག་བྱེད་ཚད་དེབ་3.29ཟིན་པ་དེ་2019ལོ་དང་བསྡུར་ན་ཆ་སྙོམས་མཐོ་རུ་ཕྱིན་པ་མངོན་ཡོད། སྨྱན་སྦྱོར་མི་འདྲ་བར་ལྟ་བའི་དུས་ཚོད་རིང་ཐུང་ངོས་ནས་བཤད་ཚེ། ན་སོ་དར་ལ་བབས་པའི་རྒྱལ་དམངས་ཀྱིས་ཉིན་ལྟར་ལག་ཐོགས་ཁ་པར་ལ་ལྟ་བའི་དུས་ཚོད་མང་ཤོས་ཏེ་སྐར་མ་100.75ཟིན་པ་ཕུད། ན་སོར་དར་ལ་བབས་པའི་རྒྱལ་དམངས་ཀྱིས་ཆ་སྙོམས་ཉིན་ལྟར་དྲ་རྒྱར་ལྟ་བའི་དུས་ཡུན་སྐར་མ་67.82ཟིན་པ་དེ་2019ལོ་ལས་སྐར་མ་1.77ཡིས་མང་བ་ཡོད། ལག་ཐོགས་ཁ་པར་ནས་ལྟ་ཀློག་དང་དྲ་རྒྱ་ནས་ལྟ་ཀློག་བྱེད་པ་དེ་ན་སོ་དར་ལ་བབས་པའི་རྒྱལ་དམངས་ཀྱི་གྲངས་འཛིན་ཅན་གྱི་ལྟ་ཀློག་བྱེད་སྟངས་གཙོ་བོར་གྱུར་ཡོད། ན་སོ་དར་ལ་མ་བབས་པའི་མིའི་དཔེ་ཀློག་བྱེད་ཚད་ནས་བལྟས་ཚེ། 2020ལོར་རང་རྒྱལ་གྱི་ན་སོ་དར་ལ་མ་བབས་པའི་མིའི་དཔེ་ཀློག་བྱེད་ཚད་83.4%ཟིན་པ་དེ་2019ལོ་ནས་བརྒྱ་ཆའི་གྲངས་0.5འཕར་བ་དང་། ཆ་སྙོམས་མི་རེས་དཔེ་ཀློག་བྱེད་ཚད་དེབ་10.71ཟིན་པ་དེ་2019ལོ་ལས་དེབ་0.35ཡིས་མང་དུ་སོང་ཡོད། རང་རྒྱལ་གྱི་གྲོང་ཁྱེར་གྲོང་གསེབ་ཀྱི་ན་སོ་དར་ལ་བབས་པའི་གྲོང་མིའི་དཔེ་ཀློག་བྱེད་ཚད་ལ་རྟོག་ཞིབ་བྱས་པ་ལས། 2020ལོར་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིས་ཤོག་བུའི་དཔེ་ཆར་ལྟ་ཀློག་བྱེད་ཚད་དེབ་5.54ཟིན་པ་དེ་2019ལོའི་དེབ་5.48ལས་མང་བ་ཡོད་པ་དང་། གྲོང་གསེབ་ཀྱི་ཡུལ་མིས་ཤོག་བུའི་དཔེ་ཆ་ལྟ་ཀློག་བྱེད་ཚད་དེབ་3.75ཟིན་པ་དེ་2019ལོའི་དེབ་3.73ལས་མང་བ་ཡོད་པ་མངོན་ཡོད། གླེང་རིན་ཡོད་པ་ཞིག་སྟེ། ན་སོ་དར་ལ་བབས་པའི་རྒྱལ་དམངས་ཀྱིས་དཔེ་ཆ་ལྟ་ཀློག་བྱེད་སྟངས་གང་དུ་ཕྱོགས་པའི་ངོས་ནས་བལྟས་ཚེ། 2020ལོར་ནར་སོ་དར་ལ་བབས་པའི་རྒྱལ་དམངས་43.4%ཡིས“ཤོག་བུའི་དཔེ་ཆ་བཟུང་ནས་ཀློག་རྒྱུར”དགའ་བ་དེ་2019ལོའི་36.7%ལས་བརྒྱ་ཆའི་གྲངས་6.7ཡིས་མཐོ་བ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 1999ལོ་ནས་བཟུང་། ཀྲུང་གོ་གསར་འགྱུར་དཔེ་སྐྲུན་ཞིབ་འཇུག་ཁང་གིས་རྒྱལ་ཡོངས་ཀྱི་རྒྱལ་དམངས་ཀྱིས་དཔེ་ཀློག་བྱས་ཚུལ་བརྟག་དཔྱད་སྒྲིག་འཛུགས་དང་ལག་བསྟར་བྱེད་ཐེངས་18པར་སླེབས་ཤིང་། ད་རེས་ཀྱི་བརྟག་དཔྱད་དེ་དྲ་ཐོག་གི་བརྟག་དཔྱད་དང་ཁ་པར་གྱི་བརྟག་དཔྱད་ཐབས་ལམ་སྤྱད་ཅིང་གྲོང་ཁྱེར་167ནས་འདྲ་དཔེ་བླངས་པ་རེད། (པ་སངས་ཚེ་རིང་གིས་བསྒྱུར། པ་སངས་ཕན་ཐོགས་དང་པ་ཚེས་ཞུས)