《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月25日

སྡོད་ཁང་འཛུགས་སྐྲུན་པུའུ་སོགས་སྡེ་ཚན་བཞི་ཡིས་བསྟན་དོན།

གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཚོགས་སྤྱིའི་སྡོད་ཁང་ བདེ་འཇགས་འགན་ལེན་བྱེད་དགོས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་སྡོད་ཁང་འཛུགས་སྐྲུན་པུའུ་ནས་ཤེས་རྟོགས་བྱས་པར། ཉེ་ཆར། སྡོད་ཁང་འཛུགས་སྐྲུན་པུའུ་དང་། ནོར་སྲིད་པུའུ། དམངས་སྲིད་པུའུ། རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག《གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཚོགས་སྤྱི་སོགས་གཙོ་གནད་མི་སྣའི་སྡོད་ཁང་བདེ་འཇགས་འགན་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་། “བདེ་འཇགས་རྩ་བར་འཛིན་པ་དང་། ཡུལ་བབ་དང་བསྟུན་པ། ཞིང་དུད་གཙོ་རྐང་དུ་འཛིན་པ། སྤུས་ཚད་མཐོ་རུ་གཏོང་བ”བཅས་ཀྱི་རྩ་དོན་ལྟར་གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་དང་ས་ཡོམ་རྒྱག་མང་བའི་ས་ཁུལ་གྱི་གྲོང་གསེབ་ཁང་པ་ཡོམ་འགོག་ཅན་དུ་སྒྱུར་བཀོད་བྱས་ཏེ། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཚོགས་སྤྱིའི་སྡོད་ཁང་བདེ་འཇགས་འགན་ལེན་གྱི་ཕུགས་ཕན་ལམ་སྲོལ་རིམ་བཞིན་བཙུགས་ནས་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བཏོན་པ་རེད།

“སྡོད་ཁང་བདེ་འཇགས་ལ་འགན་ལེན་ཡོད་པ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི‘སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ’གྱི་མཚོན་བྱེད་རང་བཞིན་གྱི་སྟོན་གྲངས་གྲས་ཤིག་རེད། རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་ཐད་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་ཀྱང་། དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་སྡོད་ཁང་གསར་པ་རྙིང་པར་འགྱུར་བ་དང་། སྡོད་ཁང་རྙིང་པ་ཉེན་ཁང་དུ་འགྱུར་བ། རང་བྱུང་གནོད་འཚེ་ཕོག་པ་སོགས་ཀྱི་ཤུགས་རྐྱེན་འོག དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བར་དུད་ཚང་རེ་རེ་དང་དབུལ་སྒྲོལ་མང་ཚོགས་མི་རེ་ངོ་རེའི་སྡོད་ཁང་བདེ་འཇགས་རྒྱུན་མཐུད་ངང་འགན་ལེན་བྱེད་དགོས་པས། དེའི་ལས་འགན་དཀའ་ཚེགས་ཆེ་ལ་འགན་འཁྲི་ཡང་ལྕི་པོ་ཡོད་པ་ང་ཚོས་གསལ་པོ་མཐོང་ཐུབ་པར་བྱེད་དགོས། དེ་དང་དུས་མཚུངས་སུ་མི་འབོར་དབུལ་པོའི་མཐར་ལུས་པའི་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཚོགས་སྤྱི་ཁག་གཅིག་གི་སྡོད་ཁང་བདེ་འཇགས་ཀྱི་གནད་དོན་ཡང་འགན་ལེན་བྱེད་དགོས”ཞེས་སྡོད་ཁང་འཛུགས་སྐྲུན་པུའུ་གྲོང་གསེབ་གྲོང་རྡལ་འཛུགས་སྐྲུན་སིའི་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་ངོ་སྤྲོད་བྱས་པ་རེད།

《ལག་བསྟར་བསམ་འཆར》ནང་། གྲོང་གསེབ་ཀྱི་སྡོད་ཁང་བདེ་འཇགས་འགན་ལེན་བྱ་ཡུལ་གཙོ་བོ་ནི་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཚོགས་སྤྱི་ཡིན་ཞིང་། དེའི་ནང་གྲོང་གསེབ་ཀྱི་དབུལ་པོར་བསྐྱར་ལོག་ཐེབས་སླ་བའི་དུད་ཚང་དབུལ་པོ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལོངས་སྤྱོད་དུད་ཚང་། གྲོང་གསེབ་ཀྱི་ཁ་ཐོར་བསྙེན་བཀུར་བྱེད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་བཅས་དང་། དེ་བཞིན་ནད་དང་། གནོད་འཚེ། ཆག་སྒོ། ལས་འཛོལ་བཅས་ཀྱིས་རྐྱེན་པས་ངེས་གཏོང་འགྲོ་སོང་ཅུང་མང་བའམ་ཡང་ན་ཡོང་འབབ་ཤུགས་ཆེན་ཆག་ནས་གཞི་རྩའི་འཚོ་བར་དཀའ་ངལ་ཚབས་ཆེན་འཕྲད་པའི་ཁྱིམ་ཚང་སོགས་ཚུད་ཡོད། གཞན་ཡང་། གྲོང་གསེབ་དར་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལོངས་སྤྱོད་བྱེད་པའི་མཐར་ལུས་ཁྱིམ་ཚང་དང་གྲོང་གསེབ་ཀྱི་སྡོད་ཁང་འགན་ལེན་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལོངས་སྤྱོད་བྱེད་མྱོང་མེད་པ་མ་ཟད། རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྡོད་ཁང་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱེད་ཐབས་བྲལ་བའི་དུད་ཚང་དབུལ་པོ་གཞན་དག་ལ་རྒྱབ་སྐྱོར་བྱེད་དགོས་ལུགས་ཁ་གསལ་བཏོན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ཞིང་དུད་ཀྱིས་མ་དངུལ་རང་གྲབས་བྱེད་རྒྱུ་གཙོ་བོར་བྱེད་པ་དང་སྲིད་གཞུང་གིས་ཁ་གསབ་འོས་འཚམ་སྤྲད་དེ་གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་བྱེད་པ་དེ་ནི་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཚོགས་སྤྱི་སོགས་གཙོ་གནད་མི་སྣའི་སྡོད་ཁང་བདེ་འཇགས་འགན་ལེན་བྱེད་སྟངས་གཙོ་བོ་ཞིག་རེད། ས་གནས་ཁག་གིས་འགན་ལེན་བྱ་ཡུལ་གྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་། བརྟན་གཏོང་སྒྱུར་བཀོད་དང་། བཤིག་ནས་བསྐྱར་སྐྲུན། གནས་འདེམས་གསར་སྐྲུན་བཅས་དང་། གྲོང་གསེབ་ཀྱི་མཉམ་སྡེབ་སྤྱི་ཤག་གཅིག་གྱུར་སྐྲུན་པ་དང་ད་ཡོད་ཀྱི་བེད་མེད་ཁང་པ་ཉམས་བཟོ་བརྟན་གཏོང་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་སྡོད་ཁང་གི་བདེ་འཇགས་གནད་དོན་ཐག་གཅོད་བྱེད་ཆོག ཡོམ་འགོག་ཚད་གཞི་ལོན་མེད་ཁར་ཆ་རྐྱེན་འཛོམས་པའི་ཞིང་དུད་ཀྱི་ཁང་པར་སྒྱུར་བཀོད་བྱེད་དགོས།

《ལག་བསྟར་བསམ་འཆར》ནང་། གྲོང་གསེབ་ཀྱི་ཁང་པའི་བདེ་འཇགས་ལ་སྒུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤུས་ཚད་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཁང་པ་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་བ། ལྟ་སྐུལ་དང་ལྕག་སྐུལ་གྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་སོགས་ཕྱོགས་བཞིའི་ཐད་ཀྱི་ལས་ཀའི་ལས་འགན་བཏོན་ཡོད། གྲོང་གསེབ་ཀྱི་ཁང་པ་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་བའི་ཐད། ཁང་པ་གཞི་རྩའི་ཆ་ནས་བདེ་འཇགས་ཡིན་པའི་སྔོན་འགྲོའི་ཆ་རྐྱེན་འོག་གྲོང་གསེབ་ཁང་པ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་གསེབ་ཁང་པ་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་བ། གྲོང་གསེབ་ཁང་པ་བེད་སྤྱོད་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། བྱང་ཕྱོགས་ས་ཁུལ་གྱིས་མུ་མཐུད་ཁང་པ་སྒྱུར་བཀོད་བྱེད་ཞོར་དུ་སྐྲུན་དངོས་ནུས་གྲོན་སྒྱུར་བཀོད་བྱེད་པ་དང་། སྡོད་ཁང་གི་བདེ་འཇགས་འགན་ལེན་བྱེད་ཞོར་དུ་ནུས་རྒྱུ་ཟད་གྲོན་དང་ཞིང་དུད་ཀྱི་དྲོད་ལེན་འགྲོ་སོང་ཉུང་དུ་གཏོང་བ། གྲོང་གསེབ་ཀྱི་ཁང་པའི་ནུས་གྲོན་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པའི་སྐུལ་མ་བཏང་ཡོད། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་གནོད་མེད་རྒྱུ་ཆ་སྤྱོད་པ་དང་ཁང་པ་རྒྱག་སྟངས་གསར་པ་སྤྱོད་པ་དང་། ཆུ་བཤལ་གཏོང་ཆོག་པའི་གསང་སྤྱོད་ཁང་པའི་ནང་དུ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་སྡོད་ཁང་ཆ་རྐྱེན་དང་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱ་རྒྱུའི་སྐུལ་མ་བཏང་བ་རེད།

(ལྷ་དབང་གིས་བསྒྱུར། བཀྲ་ཚེས་ཞུས)