《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月25日

བོད་ཀྱི་ཞིང་འབྲོག་པའི་ལས་ཞུགས་གྲུབ་ཆར་ ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་ཧྲང་ཚའེ་དང་པའེ་ཧྲའོ་པོ།

ངག་དབང་དང་འཕྲད་སྐབས། ཁོང་ལ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་དབུལ་སྐྱོར་ཐོན་ལས་གླིང་ཁུལ་ནས་གླ་ཆ་སྒོར་ཁྲི་1.4རག་མ་ཐག་རེད་འདུག དཀའ་སྤྱད་ལས་བརྩོན་བྱས་པ་ལས་བྱུང་བའི་དངུལ་དེ་དག་ལག་ཏུ་རག་སྐབས་ངག་དབང་དགའ་ཚོར་ཆེན་པོ་བྱེད་བཞིན་མཆིས། དེ་ནི་ཁོ་མོས་རང་ཁྱིམ་གྱི་སྒོ་འགྲམ་དུ་ཡོད་པའི་བོད་རུམ་བསླས་འཐག་མཉམ་ལས་ཁང་དུ་ལོ་ཕྱེད་རིང་དཀའ་ལས་བརྒྱབ་པའི་དངུལ་ཡིན་པ་རེད།

ངག་དབང་ལག་རྩལ་ཤེས་པ་དང་འཇོན་ཐང་ལྡན་པའི་འཁལ་འཐག་བཟོ་པ་ཞིག་ཏུ་གྱུར་ནས་གང་སར་ལས་མི་བྱེད་པར་འགྲོ་མི་དགོས་པ་བྱུང་ཡོད། ལྷ་རྩེ་རྫོང་མིག་དམར་གྲོང་ཚོ་ནས་ཡིན་པའི་མང་ཚོགས་30ཡང་རྫོང་གྲོང་ཐོན་ལས་གླིང་ཁུལ་དུ་ལས་ཞུགས་བརྟན་པོ་བྱུང་ཡོད།

གྲངས་གཞི་ལས་མངོན་པར་གཞིགས་ན། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་རྒྱུན་སྡོད་མི་འབོར་ཁྲི་100ལྷག་ཙམ་ནས་ཁྲི་350ལྷག་ཙམ་བར་མང་དུ་ཕྱིན་ཡོད། 2019ལོའི་ལོ་མཇུག་ཏུ་བོད་ཀྱི་རྫོང་དབུལ་པོ་74ཚང་མས་དབུལ་ཞྭ་ཕུད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་ནས་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་9328བར་འཕར་ཡོད། 2020ལོར་བོད་ཀྱི་ལོ་ཧྲིལ་པོའི་དཔལ་འབྱོར་7.8%འཕར་བ་དང་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1900ལས་བརྒལ་ཡོད།

“དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པའི་དེང་རབས་ཅན་ལས་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་དེ་བས་མང་བ་གཅིག་སྡུད་བྱས་ནས་ངལ་རྩོལ་ནུས་ཤུགས་ཞིང་ལས་ནས་ཐོན་ལས་གཞན་དག་ཏུ་གཞན་སྒྱུར་ཐུབ་སྟེ་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པར་གྱུར་ཡོད”ཅེས་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་སྐལ་བཟང་སྒྲོལ་མས་བརྗོད།

འདི་ལོ་ལོ་41ལ་སླེབས་པའི་དབང་རྣམ་ནི་ས་བབ་མཐོ་ཚད་སྨི་4500ཡོད་པའི་བོད་བྱང་ཐང་གི་སྙན་རོང་རྫོང་ཤག་ཆུ་ཤང་ནས་ཡིན་ཞིང་། སློབ་ཆུང་གི་རིག་གནས་ཆུ་ཚད་ལས་མེད་པའི་ཁོང་གིས་སྔོན་ཆད་རྩལ་ནུས་གང་ཡང་ཤེས་ཀྱི་མེད་པས། དུས་ཡུན་རིང་པོ་ཞིག་ནང་ཁྱིམ་མི་ཚོས་ཕྱུགས་རིགས་འཚོས་ནས་འཚོ་ཐབས་བྱེད་ཀྱི་ཡོད། “སྲིད་གཞུང་གིས་ལས་བྱེད་པ་ཁྱིམ་དུ་འཚོ་བའི་འདུན་པ་ཤེས་རྟོགས་བྱེད་པར་མངགས་སྐབས། ངས་རྩལ་ནུས་སྦྱོང་འདོད་འདུག་ཅེས་རེ་བ་བཏོན་པ”ཡིན་ཞེས་དབང་རྣམ་གྱིས་བརྗོད།

སློབ་སྦྱོང་བྱས་པ་དང་ཡིག་རྒྱུགས་བཏང་བ་བརྒྱུད་མཐར་དབང་རྣམ་ལ་ཚ་ལ་རྒྱག་པའི་ལས་ཀའི་རྩལ་ནུས་ཀྱི་ཐོབ་ཐང་ལག་ཁྱེར་རག་པ་རེད། 2018ལོར་ཁོང་གིས་ཞིང་འབྲོག་པར་ཉི་འོད་དྲོད་ཁང་དང་ཕྱུགས་ཚང་ལས་སྣོན་བྱས་པར་ཡོང་འབབ་སྒོར་ཁྲི་3.6བྱུང་ཡོད། 2020ལོར་དབང་རྣམ་གྱིས་གློག་གི་ཚ་ལ་རྒྱག་ས་དེ་གཞི་ཁྱོན་ཆེ་རུ་བཏང་བས་ས་གནས་དེ་གའི་ལོར་ཡོང་འབབ་སྒོར་ཁྲི་5ཙམ་ཟིན་པའི་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་ཡོད།

མི་འབོར་མང་དུ་ཕྱིན་པ་དང་ལས་ཞུགས་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཡོང་འབབ་དེ་བས་མཐོ་བ་རག་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་བྱ་ཆེད། བོད་ཀྱི་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་རིམ་བཞིན་ཨར་ལས་བཟོ་སྐྲུན་དང་སྤྱི་པའི་ཞབས་ཞུ་སོགས་ཐོན་ལས་གཉིས་པ་དང་གསུམ་པར་གཞན་སྒྱུར་བྱས་ཡོད། གཞོན་ནུ་དང་དར་མ་མི་ཉུང་བ་ཞིག་གིས་ཞིང་ལས་དང་འབྲོག་ལས་བཞག་ནས་གྲོང་ཁྱེར་དང་གྲོང་རྡལ་དང་ཁེ་ལས་སུ་བསྐྱོད་པས་ཐོན་ལས་བཟོ་པ་དང་ཞབས་ཞུ་བར་གྱུར་ཡོད།

ལོ་21ལ་སླེབས་པའི་མཚམས་བསྟན་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་སྟོད་གཟིགས་ཤང་ཀླུང་གྲོང་ཚོར་སྐྱེས་པ་དང་། དམའ་རིམ་སློབ་འབྲིང་ཐོན་རྗེས་ལྷ་ས་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་རྒྱུགས་འཕྲོད། ཆུང་དུས་ནས་མ་བྱན་བྱེད་པའི་ཕུགས་འདུན་ཡོད་པའི་ཁོང་གིས་སློབ་གྲྭ་ཐོན་སྐབས་རྒྱ་ཟས་དང་། ཕྱི་གླིང་པའི་ཟས། བོད་ཟས་སོགས་བཟོ་སྟངས་བཅུ་གྲངས་ལྷག་ཙམ་བྱང་ཆུབ་པ་ཞིག་ཁོང་དུ་ཆུད་ཡོད།

“སློབ་གྲྭ་ཐོན་རྗེས། ངས་ཟ་ཁང་ཞིག་ཏུ་མ་བྱན་བྱས་པ་ཡིན”ཞེས་མཚམས་བསྟན་གྱིས་བརྗོད་པ་དང་། ཁོང་གིས་ཟླ་རེར་གླ་ཆ་སྒོར་8000ལྷག་ཙམ་ཡོད་པས“མི་རབས་ནས་མི་རབས་བར་ས་ཞིང་འདེབས་པ་དང་ཕྱུགས་འཚོ་བའི་ལས་དབང་ལ་འགྱུར་ལྡོག་ཕྱིན་སོང”ཞེས་སྤོབས་པ་ཆེན་པོས་བརྗོད།

ལས་ཞུགས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དེས་ངལ་རྩོལ་པའི་ཤེས་བྱ་དང་རྩལ་ནུས་ཐད་ཀྱི་རེ་བ་དེ་བས་མཐོ་རུ་ཕྱིན་ཡོད། དེར་བརྟེན། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ལས་ཞུགས་དབུལ་སྐྱོར་བྱ་རྒྱུ་དེ་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་རིན་མེད་ཀྱི་ལས་རིགས་རྩལ་ནུས་གསོ་སྦྱོང་དང་། ངལ་ལས་སྤུས་རྟགས་གཏོད་པ། ལས་ཞུགས་གཞན་སྒྱུར་གྱི་སྒྲིག་འཛུགས་ཅན་གྱི་ཚད་གཞི་མཐོ་རུ་གཏོང་བ། གྲོང་ཁྱེར་དུ་ལས་མི་བྱེད་པའི་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ཞིང་འབྲོག་པ་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་བསྡོམས་རྩིས་བྱས་པར་གཞིགས་ན། 2016ལོ་ནས་བཟུང་བོད་ཀྱིས་རིམ་རྩིས་བྱས་ན་ཞིང་འབྲོག་པ་མི་ཐེངས་ཁྲི་500ཙམ་ལས་ཞུགས་གཞན་སྒྱུར་བྱས་པ་དང་ལོར་ཆ་སྙོམས་མི་ཐེངས་ཁྲི་10ལ་རྩལ་ནུས་གསོ་སྦྱོང་བྱས་ཡོད།

དེ་དང་ཆབས་ཅིག་མང་ཚོགས་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་ཆེད། བོད་ཀྱིས་ད་དུང་རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་ལས་ཞུགས་བསྡུ་ལེན་བྱས་ཏེ་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོ་དང་གྲོང་གསེབ་དར་རྒྱས་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གྲྭ་ཆུང་གྲས་རྒུད་གསབ་ལས་སྤྲོད་ཀྱི་རྣམ་པར་བརྟེན་ནས་ཞིང་འབྲོག་པའི་ཨར་སྐྲུན་ཁེ་ལས་ལ་ལག་བསྟར་བྱ་རྒྱུའི་འགན་འཁུར་དུ་བཅུག་ཡོད་པ་རེད།

2021ལོར་བོད་ཀྱིས་ཞིང་འབྲོག་པ་ཁྲི་60ཡན་ལས་ཞུགས་གཞན་སྒྱུར་བྱ་རྩིས་ཡོད་པའི་ནང་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་འཇོག་རྣམ་གྲངས་འཛུགས་སྐྲུན་བརྒྱུད་ཞིང་འབྲོག་པ་ཁྲི་30ཡན་ལས་ཞུགས་གཞན་སྒྱུར་བྱ་རྒྱུར་སྐུལ་ཁྲིད་བྱས་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་25ཡན་ཟིན་པ་བྱ་རྒྱུ་རེད།

“བོད་འདི་ཉིད་དབུལ་པོ་དབུལ་རྐྱང་གི་གནས་ལས་བསྒྲལ་ཏེ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་སྐྱོད་བཞིན་ཡོད། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལས་ཞུགས་གཞན་སྒྱུར་བྱས་པས་ཐོན་ལས་གཞན་དག་གི་ལས་ཞུགས་མི་འབོར་གྱི་བསྡུར་ཚད་མཐོ་རུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་རྣམ་པར་འགྱུར་ལྡོག་ཕྱིན་ནས་བོད་ཀྱི་ཐོན་ལས་གྲུབ་ཆ་ཉིན་རེ་བཞིན་ལུགས་མཐུན་དུ་གྱུར་ཡོད”ཅེས་སྐལ་བཟང་སྒྲོལ་མས་བརྗོད་པ་དང་། ཁོང་གིས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་བཙུགས་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་བ་དེས་བོད་ཀྱི་ལས་ཞུགས་གྲུབ་ཆར་འགྱུར་ལྡོག་མགྱོགས་སུ་འགྲོ་ངེས་རེད་ལ། བོད་ཀྱི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུའང་འགྱུར་ངེས་རེད།

(ཉི་དོན་དང་ཚེ་ཁོས་སྒྱུར་ཞུས་བྱས)