《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月20日

བོད་ཀྱི་ས་བབ་མཐོ་ཚད་སྨི་5000ཡན་གྱི་རི་རྩེར་འཛེགས་པར་ཟླ་བ་གཅིག་གི་གོང་ནས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ལ་རེ་འདུན་ཞུ་དགོས་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ཁྲིམས་ལྟར་རི་འཛེག་བྱེད་སྒོ་སྤེལ་དགོས་པའི་སྐོར་གྱི་སྤྱི་བསྒྲགས་མཉམ་དུ་སྤེལ་ནས། བོད་ཀྱི་ས་བབ་མཐོ་ཚད་སྨི་5000ཡན་གྱི་རི་རྩེར་རི་འཛེག་བྱེད་སྒོ་སྤེལ་བར་ཟླ་བ་གཅིག་གི་གོང་ནས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ལ་རེ་འདུན་ཞུ་དགོས་ལུགས་ཁ་གསལ་བཏོན་ཡོད།

སྤྱི་བསྒྲགས་ནང་འཁོད་དོན། ད་ཕན་ལོ་ཤས་རིང་། བོད་ཀྱི་མངའ་ཁོངས་སུ་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཆོག་མཆན་མ་ཐོབ་པར། རང་དགར་ཁྲིམས་འགལ་དང་སྒྲིག་འགལ་ངང་རི་འཛེགས་ནས་རི་འཛེག་མཁན་ལ་རྨས་སྐྱོན་ཕོག་པ་དང་། རྐྱེན་ལམ་དུ་ཤོར་བ། གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་ལས་འཛོལ་ཡང་སེ་ཐོན་ནས་མི་རྣམས་ཡིད་སྐྱོ་དགོས་པ་དང་ཤུགས་རྐྱེན་ངན་པ་བཟོས་ཡོད།

རི་འཛེག་གི་བདེ་འཇགས་ལས་འཛོལ་སྔོན་འགོག་བྱས་ནས་ཁྲིམས་ལྟར་དང་། ཚན་རིག་དང་མཐུན་པ། བདེ་འཇགས། ཁོར་ཡུག་སྲུང་སྐྱོང་། ཡ་རབས་རི་འཛེག་བཅས་འགན་ལེན་བྱ་ཆེད། 《རྒྱལ་ནང་གི་རི་འཛེག་དོ་དམ་བྱེད་ཐབས》དང《བོད་རང་སྐྱོང་ལྗོངས་ཀྱི་རི་འཛེག་སྲོལ་ཡིག》གཞིར་བཟུང་། སྤྱི་བསྒྲགས་ནང་དོན་ཚན་ཁག་བདུན་བཏོན་ནས། བོད་དུ་རི་འཛེག་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ལ་རེ་འདུན་ཞུ་བ་དང་། རེ་ཞུའི་ནང་དོན་ལ་མི་སྣ་དང་། ལམ་ཐིག བྱ་སྤྱོད་འཆར་གཞི་སོགས་ཚུད་ཡོད། རི་འཛེག་རྩ་འཛུགས་ཕྱོགས་ཀྱིས་ཆོག་མཆན་མ་ཐོབ་པར་རང་དགར་རི་འཛེག་བྱེད་སྒོ་སྒྲིག་འཛུགས་བྱེད་རྒྱུ་གཏན་འགོག་བྱེད་དགོས། རི་འཛེག་མཁན་གྱིས་ཆེད་ལས་རི་འཛེག་རྩ་འཛུགས་ཕྱོགས་ཀྱི་སྒྲིག་འཛུགས་དང་། ཆེད་ལས་རི་མཐོའི་སྣེ་ཤན་པ་དང་མཐུན་སྦྱོར་མི་སྣའི་ཞབས་ཞུའི་འགན་ལེན་འོག ཁྲིམས་དང་སྒྲིག་སྲོལ་ལྟར་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་རི་འཛེག་བྱེད་སྒོ་སྤེལ་དགོས་ལུགས་ཁ་གསལ་བཏོན་ཡོད།

སྤྱི་བསྒྲགས་ནང་ཁ་གསལ་བཏོན་དོན། རི་འཛེག་རྩ་འཛུགས་ཕྱོགས་དང་རི་འཛེག་མཁན་གྱིས་དེ་དང་དུས་མཚུངས《བོད་རང་སྐྱོང་ལྗོངས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་སྲོལ་ཡིག》དང《ཇོ་མོ་གླང་མའི་རི་འཛེག་གད་སྙིགས་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས》ལ་བརྩི་སྲུང་ཞུས་ནས་རི་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་དགོས། རི་འཛེག་རྩ་འཛུགས་ཕྱོགས་དང་རི་འཛེག་མཁན་གྱིས་ཁྲིམས་འགལ་དང་སྒྲིག་འགལ་ངང་རི་འཛེགས་ཚེ་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་བརྡ་ཁྱབ་གཏོང་རྒྱུ་དང་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་རེད།