《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月19日

རྒྱལ་ཡོངས་ཀྱི་གསར་བརྗེའི་བརྗོད་གཞིའི་རྒྱ་བོད་མི་རིགས་སྤེལ་རེས་མཉམ་འདྲེས་ཀྱི་བརྗོད་དོན་གཙོ་བོའི་རོལ་དབྱངས་འདུ་ཚོགས་ཐེངས་དང་པོ་མཚོ་སྔོན་དུ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དང་ཧྲང་ཧའེ་རོལ་དབྱངས་སློབ་གླིང་གིས་མཉམ་དུ་གཉེར་བའི་རྒྱལ་ཡོངས་ཀྱི་གསར་བརྗེའི་བརྗོད་གཞིའི་རྒྱ་བོད་མི་རིགས་སྤེལ་རེས་མཉམ་འདྲེས་རྣམ་གྲངས་ཏེ། ལག་གདང་སྦྲེལ་བ་དང་གཅིག་སེམས་གཅིག་སྦྲེལ་གྱི《རྨ་ཆུ་ནས་འབྲི་ཆུའི་བར》གྱི་བརྗོད་དོན་གཙོ་བོའི་རོལ་དབྱངས་འདུ་ཚོགས་དེ་མགོ་ལོག་ཀྲོའུ་རྨ་ཆེན་རྫོང་གི་ཡུལ་སྐོར་གནས་མཆོག་ཡུང་པོ་ཧྲན་རི་བོར་འགོ་ཚུགས་པ་རེད།

བརྗོད་དོན་གཙོ་བོའི་རོལ་དབྱངས་འདུ་ཚོགས་ཀྱི་འཁྲབ་སྟོན་ཐོག་མ་དེ་ཟླ་7ཚེས་3ཉིན་ཧྲང་ཧའེ་རུ་བྱ་རྒྱུ་རེད། བརྗོད་དོན་གཙོ་བོའི་རོལ་དབྱངས་འདུ་ཚོགས་ཀྱི་རྣམ་གྲངས་འཆར་འགོད་པ་སྒྱུ་རྩལ་གྱི་སྤྱི་ཁྱབ་ལྟ་སྐུལ་བ་དགེ་རྒན་ཆེ་མོ་ལིའུ་ཀྲའོ་ལུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རོལ་དབྱངས་འདུ་ཚོགས་དེར་ལེའུ་བཞི་རུ་དབྱེ་ཡོད་པ་དེ་དག་གསར་རྩོམ་གླུ་གཞས《རྨ་ཆུའི་ཆུ་འགོ》ཞེས་པ་ནས་འགོ་བཙུགས་ཏེ་གསར་རྩོམ་མི་རིགས་ཞབས་བྲོ《རྒྱང་སྐྱོད》ཅེས་པ་དང་མི་རིགས་རོལ་དབྱངས་མཉམ་སྒྲོག་གི་ལོ་རྒྱུས་སྙན་ངག་རིང་གྲས《འབྲི་ཆུའི་བསྟོད་གླུ》ཞེས་པའི་མཐོ་རླབས་འཕྱུར་བའི་བར་དང་། དེ་ནས《གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པ་ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་མི་བརྗེད་པའི་བཀའ་དྲིན་མཚོན་པར་བྱས་པའི་བར་ཡིན། ཧྲང་ཧའེ་སྒྱུ་རྩལ་སློབ་གླིང་དང་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་མི་རིགས་གླུ་གར་ཚོགས་པའི་མི་100ལྷག་ཙམ་གྱིས་སྐར་མ་90འཁྲབ་སྟོན་བྱས་ཏེ། ལྟད་མོ་བ་ཚོར་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་། ཀུན་སེམས་གཅིག་སྒྲིལ་ངང་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་རྒྱུ་གསོན་ཉམས་ལྡན་པའི་ངང་མཚོན་པར་བྱ་རྒྱུ་མ་ཟད། མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བའི་མི་རིགས་ཁག་གི་བུ་ཕྲུག་གིས་ཀྲུང་གོ་གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་བའི་སེམས་པ་དམིགས་བཀར་དུ་མཚོན་པར་བྱས་ཏེ་རྨ་ཆུ་དང་འབྲི་ཆུར་བརྟེན་ནས་རླབས་ཆེན་མེས་རྒྱལ་ལ་བསྟོད་གླུ་འབུལ་རྒྱུ་ཡིན་པ་རེད།

(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)