《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月19日

གྲོང་གསེབ་ཡུལ་སྐོར་གྱི་འཕེལ་ཕྱོགས་བཟང་བ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཡེ་ཁྲོན་ཙེང་།

ལི་ཅང་གྲོང་ཁུལ་ནས་ཐོན་ཏེ་ཏཱ་ལི་ནས་ལི་ཅང་བར་གྱི་མྱུར་བགྲོད་གཞུང་ལམ་དུ་ནུབ་ཕྱོགས་སུ་སྐར་མ་བཅུ་ཙམ་བསྐྱོད་ན་དྭངས་གཙང་མཚེའུ་ཞིག་ཏུ་སླེབས་པ་དེ་ནི་ལཱ་ཧྲི་མཚེའུ་རེད། མེ་ལོང་ལྟ་བུའི་མཚེའུ་ཡི་ངོས་སུ་རྒྱང་རིང་གི་གཡུ་ལུང་གངས་རིའི་ལྡོག་གཟུགས་མངོན་པ་དང་། ངང་པ་ཁྱུ་དང་ཁྱུ་བསྒྲིགས་ནས་རྐྱལ་རྒྱག་པ། མེ་ཏོག་གི་དྲི་ཞིམ་འཐུལ་བ་བཅས་ནི་དྲི་ཟའི་ཡུལ་མི་ཡུལ་དུ་འཕོས་པ་ལྟར་སྣང་།

ལཱ་ཧྲི་མཚེའུ་ཡི་ངོགས་སུ་གནས་པའི་ལཱ་ཧྲི་གྲོང་རྡལ་ཅུན་ལེང་སྨད་གྲོང་ཚོའི་རྒྱ་སེ་མེ་ཏོག་གི་ལྡུམ་རར་མེ་ཏོག་སྣ་ཚོགས་བཞད་ཉེར་ཡོད་པ་དང་ཡུལ་སྐོར་བ་མེ་ཏོག་ལྡུམ་རར་ཅི་དགར་རོལ་ནས་མཚེའུ་དང་རི་ཀླུང་གི་མཛེས་ལྗོངས་ལ་ལྟ་བཞིན་ཡོད།

“ཞིང་རར་ཁྱོན་རྒྱ་སེ་མེ་ཏོག་མུའུ་500བཏབ་པ་ནས་མུའུ་300ཡི་མེ་ཏོག་ཟས་ལ་སྤྱོད་པ་དང་མུའུ་200ཡི་མེ་ཏོག་ཡུལ་སྐོར་ལྟ་རོལ་ལ་སྤྱོད་ཀྱི་ཡོད། ཟླ་5པ་ནི་རྒྱ་སེ་མེ་ཏོག་རྣམ་པར་བཞད་པའི་དུས་ཡིན་པས་ཡུལ་སྐོར་བ་ཆ་སྙོམས་ཉིན་ལྟར་མི་1000ལྷག་ཙམ་ཟིན་རྒྱུ་རེད”ཅེས་ཅུན་ལེང་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མུའུ་ཅིན་ཅང་གིས་བཤད་པ་དང་། ཁོང་ཉེ་དུས་ཉེ་འགྲམ་གྲོང་ཚོ་ནས་ལས་མི་བསྡུས་ཏེ་མེ་ཏོག་ལྟ་རོལ་གྱི་ཚ་རླབས་བསུ་བར་བྲེལ་བཞིན་ཡོད།

“ཁྲོམ་རར་སྒྲིག་ལམ་མེད་པ་དང་ཡུལ་སྐོར་ལས་གཉེར་པའི་བྱང་ཚད་མཐོ་པོ་མེད་པས་ཞུ་གཏུག་མི་ཉུང་བ་ཞིག་ཐོན་གྱི་ཡོད། ཚབས་ཆེ་བ་ཞིག་ནི་ལུགས་དང་རྩ་བ་ནས་མ་མཐུན་པའི་གསར་སྤེལ་ལས་ལཱ་ཧྲི་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་ལ་འཇིག་ཉེན་ཆེན་པོ་བཟོ་བཞིན་ཡོད”2018ལོ་ནས་བཟུང་། ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་དག་ཐེར་ཟམ་མི་ཆད་པར་གཏིང་ཟབ་སྤེལ་བ་དང་སྦྲགས། ཡུལ་དེར་གྲུ་གཏོང་བའི་རྣམ་གྲངས་མེད་པ་བཟོས་པ་དང་། མཚོ་ངོགས་ཀྱི་སྤྲོ་གསེང་ཁང་པ་ཕྱོགས་ཡོངས་ནས་བཤིག་པ། རིམ་རྩིས་བྱས་ན་ལྟེ་བའི་ཁུལ་དང་ནམ་དུས་ལ་གཞིགས་པའི་ལྟེ་བའི་ཁུལ་གྱི་སྒྲིག་འགལ་ཁང་པ་སྨི་ངོས་གྲུ་93154.88བཤིག་པ་མ་ཟད། ཁོར་ཡུག་གི་ཤོང་ཚད་གཞིར་བཟུང་རྟ་ར་54ནས་7བར་ཉུང་དུ་བཏང་བ་དང་རྟ་4500ལྷག་ཙམ་ནས་1500བར་ཉུང་དུ་བཏང་སྟེ་མཚེའུ་ཡི་མཐའ་སྐོར་གྱི་ཆུ་སྙིགས་བཀག་པ་སོགས་ཀྱི་རིམ་སྤོར་ལས་གྲྭ་དུས་གཅིག་ཏུ་གཉེར་ཡོད་ཅེས་ལཱ་ཧྲི་གྲོང་རྡལ་གྱི་ཀྲེན་ཀྲང་ཧོ་ལི་ཧྭ་ཡིས་ངོ་སྤྲོད་བྱས་བྱུང་།

“དེ་སྔ་གཞིས་ཀ་རྣམ་པའི་སྤྲོ་གསེང་ཁུལ་ཡང་མཚེའུ་འགྲམ་དུ་བསྐྲུན་ཡོད། ལྟེ་བའི་ཁུལ་ནང་གྱི་ཡུལ་སྐོར་སྒྲིག་བཀོད་ཚང་མ་བཤིག་རྗེས་ང་ཚོས་ས་གནས་འདི་རང་གི་སེ་རྒོད་དང་རྒྱ་སེ་མེ་ཏོག་བཏབ་པ་དང་འདམ་ར་སླར་གསོ་ཡོང་ཐབས་བྱས་པ་ཡིན། ལཱ་ཧྲི་མཚེའུ་ཡི་མཛེས་ལྗོངས་དེ་བས་མཛེས་པར་གྱུར་པས་ལྟ་བར་ཡོང་མཁན་ཡུལ་སྐོར་བ་དེ་སྔ་ལས་མང་དུ་ཕྱིན་འདུག”ཅེས་མུའུ་ཅིན་ཅང་གིས་བཤད།

ཡུལ་དེ་གས་འཇང་རིགས་ཀྱི་རིག་གནས་གཞི་རྟེན་དུ་བྱས་ཏེ་སྒོར་གཞས་དང་འཇང་གི་གནའ་བོའི་རོལ་དབྱངས་སོགས་ཀྱི་རྣམ་གྲངས་གསར་སྤེལ་བྱས་ཏེ་ཡུལ་སྐོར་བར་ཉམས་ལེན་བྱ་ཡུལ་སྣ་མང་བཏོད་ཡོད། ལཱ་ཧྲི་མཚེའུ་རུ་དགུན་སྒྲོལ་དུ་ཡོང་བའི་དུས་བྱའི་གྲངས་འབོར་2016ལོའི་ཁྲི་9.8ནས་2020ལོའི་ཁྲི་12.2བར་མང་དུ་སོང་ནས་ལཱ་ཧྲི་མཚེའུ་འདི་ཉིད“བྱ་རིགས་ལ་ལྟ་བའི་གནས་མཆོག་དང་ཞིབ་འཇུག་དང་སློབ་སྦྱོང་གི་ལྷ་ཡུལ”ལྟ་བུར་གྱུར་ཏེ་རྒྱལ་ཡོངས་ས་གནས་ཁག་གི་བྱ་རིགས་ལ་དགའ་པོ་ཡོད་མཁན་ཚོ་པར་རྒྱག་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།

“སྐྱེ་ཁམས་བཟང་པོ་ལས་ང་ཚོའི་གྲོང་གསེབ་ཡུལ་སྐོར་རིགས་སྒྱུར་རིམ་སྤོར་བྱུང་བ་དང་རི་སྔོན་ཆུ་དྭངས་ལ་སྲུང་སྐྱོང་ཡག་པོ་བྱས་པས་གསེར་རི་དངུལ་རིར་འགྱུར” མིག་སྔར་ལཱ་ཧྲི་གྲོང་རྡལ་གྱིས་ལོ་རེར་ཡུལ་སྐོར་བ་ཁྲི་12ལ་སྣེ་ལེན་ཞུས་པས་ཐོན་རྫས་རིན་ཐང་སྒོར་ཁྲི་2000ཟིན་གྱི་ཡོད་ཅེས་ཧོ་ལི་ཧྭ་ཡིས་ངོ་སྤྲོད་བྱས་བྱུང་།

(ཚེ་སྒྲོལ་གྱིས་བསྒྱུར། བདེ་དབང་གིས་ཞུས)