《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月19日

མཚོ་སྔོན་ཞིང་ཆེན་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་མཚོ་ལུང་ཐང་གྲོང་ཚོས།

ཕྱུག་འགྱུར་གྱི་ངར་ཤུགས་གཅིག་ཏུ་སྒྲིམ་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ལེའུ་ཁྲེང་ཡིའུ་དང་ཅཱ་ཧྥུང་ཧྥུང་།

སྔོན་ཆད་མཱ་ཐིང་ཅུན་གྱི་ནང་མི་ཚོ་མཚོ་སྔོན་ཞིང་ཆེན་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་སྲིབ་ཞིང་ཤང་མཚོ་ལུང་ཐང་གྲོང་ཚོའི་པན་ཅེ་ཀུའེ་རང་བྱུང་གྲོང་ཚོར་འཚོ་བ་སྐྱེལ་གྱི་ཡོད། དེ་གར་རང་བྱུང་ཆ་རྐྱེན་ཞན་ལ་དགུན་ཁ་གངས་བབས་རྗེས་མི་རྣམས་ཕྱིར་སྐྱོད་ཐབས་བྲལ་ཡོད།

བུ་མཱ་ཝུན་ལུང་གིས་བྱང་ཆུབ་པའི་འཐེན་ཐུག་ལག་རྩལ་ལ་བརྟེན་ནས་བསགས་པའི་དངུལ་སྤྱད་ནས་ཟ་ཁང་ཞིག་འཛུགས་རྩིས་ཡོད་རུང“ཁྱིམ་དུ་ལོ་ན་རྒས་པའི་བགྲེས་སོང་དང་ལོ་ན་ཕྲ་བའི་ཕྲུ་གུ་ཡོད་པའི་ཁར། ཆུ་ནི་རི་གཤམ་ནས་ལེན་དགོས་ཀྱི་ཡོད། ཕྱིར་ཟ་ཁང་འཛུགས་པར་བསྐྱོད་ཚེ་ཕ་མ་དང་ཕྲུ་གུས་འཚོ་བ་ཇི་ལྟར་སྐྱེལ་བའི་ཐད”སེམས་ཁྲལ་བྱེད་ཀྱི་ཡོད།

2017ལོར་མཚོ་ལུང་ཐང་གྲོང་ཚོར་གནས་སྤོས་དབུལ་སྐྱོར་ལས་དོན་སྤེལ་ཞིང་། ལོ་གཉིས་པར་དུད་ཚང་96གི་མི་400ལྷག་ཙམ་དང་མཱ་ཐིང་ཅུན་གྱི་ནང་མི་ཚོ་གྲོང་ཚོ་དེ་དང་ཐག་ཉེ་བའི་རྒྱལ་ལམ་འགྲམ་གྱི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་སུ་སྤོས་པས་དུས་དེ་ནས་བཟུང“ས་ཁང་དང་། ས་ཁྲི། ས་རྡོའི་ལམ”བཅས་ཀྱི་ལོ་རྒྱུས་མཇུག་འགྲིལ་ཡོད།

“སོ་ཕག་ལས་གྲུབ་པའི་ཁང་པར་སྤོས་པ་དང་། བཟའ་འཐུང་ལ་སེམས་ཁྲལ་མེད་ཁར་སློབ་གྲྭ་དང་། སྒོ་རྩིས་ཚོང་ཁང་། འཕྲོད་བསྟེན་ཁང་བཅས་ཀྱང་ཡོད”རི་ཁུལ་སྐྱོ་པོ་ནས་སྤོས་ཟིན་མོད། འོན་ཀྱང་ད་དུང་ཕྱུག་འགྱུར་གྱི་ངར་ཤུགས་གཅིག་ཏུ་སྒྲིམ་དགོས། ཕུགས་ཀྱི་སེམས་ཁྲལ་བསལ་བའི་མཱ་ཝུན་ལུང་གིས་རང་ཉིད་ཀྱི་བཟའ་ཟླ་དང་མཉམ་དུ་ཧྲན་ཤིས་ཐའེ་ཡོན་དུ་འཐེན་ཐུག་ཟ་ཁང་ཞིག་བཙུགས་པ་རེད།

མཱ་ཐིང་ཅུན་གྱིས“ད་ཆ་བུའི་འཐེན་ཐུག་ཟ་ཁང་ལ་ཉིན་གཅིག་གི་ཡོང་འབབ་ཉུང་མཐར་ཡང་སྒོར་2000ཡོད་པ་དང་ཟླ་རེར་ངར་དུས་ཐོག་ཏུ་སྒོར་ཁྲི་1བསྐུར་གྱི་འདུག བུས་དཀའ་ལས་དེ་ལྟ་བུ་རྒྱག་དུས་ངས་ཀྱང་ལས་མེད་དུ་སྡོད་ག་ལ་བཟོད། ན་ནིང་ངས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ཞིག་གཉེར་བ་ཡིན”ཞེས་སྤོབས་པ་ཆེན་པོས་བཤད།

མཱ་ཐིང་ཅུན་གྱིས“གྲོང་ཚོའི་མདུན་དུ་རྒྱལ་ལམ་ཡོད་ལ། རྒྱབ་ངོས་སུ་རི་ཆུ་ཡོད་པ་དང་། པད་ཁའི་མེ་ཏོག་བཞད་དུས་གང་སར་མེ་ཏོག་སེར་ཐིང་ངེར་གནས་པས་ཡུལ་སྐོར་བ་ཧ་ཅང་མང་པོ་ཡུལ་སྐོར་དུ་ཡོང་གི་ཡོད། ན་ནིང་ཟླ་7པར་ཞིང་ཁྱིམ་སྤྲོ་སྐྱིད་ཁང་སྒོ་ཕྱེ་བ་ཡིན། ཟླ་གཉིས་ནང་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཙམ་བྱུང་བས་འདི་ལོའི་ཡུལ་སྐོར་བ་མང་བའི་དུས་ཀྱི་གྲ་སྒྲིག་སྔ་ཙམ་བྱ་རྒྱུ་ཡིན”ཞེས་དགོད་འཚེར་འཚེར་ངང་བཤད།

མཚོ་ལུང་ཐང་གྲོང་ཚོར་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་མཁན་མཱ་ཐིང་ཅུན་གྱི་ནང་མི་ཙམ་མ་ཡིན་པར་གྲོང་ཚོའི་ནང་གི་དུད་ཚང་37ཚང་མས་ནོར་ལུག་རྒྱགས་གསོ་བྱེད་ཀྱི་ཡོད་ལ། ཕྱིར་གླ་ཧུའུ་པེ་དང་། ཧྲན་ཏུང་། ཤིན་ཅང་སོགས་སུ་འཐེན་ཐུག་ཁང་ཡང་བཙུགས་ཡོད།

ཐབས་ལམ་བཙལ་ནས་ཡོང་འབབ་བྱུང་ཡོད་ལ། བསམ་བློ་འགྱུར་ལྡོག་བྱུང་ནས་སྙིང་སྟོབས་ཀྱང་འཕེལ་ཡོད། གྲོང་སྡོད་ཧྲུའུ་ཅི་དང་པོ་ཀྲང་ཧྲེང་ཆོན་གྱིས“གྲོང་ཚོ་དེ་བས་མཛེས་པ་དང་། ཁོར་ཡུག་དེ་བས་ལེགས་པ། མི་སེམས་དེ་བས་གཅིག་སྒྲིལ་བཅས་བྱུང་ཡོད”ཅེས་བཤད།

འཇུ་ལག་རྫོང་ཨུད་ཀྱི་ཧྲུའུ་ཅི་སུན་ཤིའུ་ཙུང་གིས“རྫོང་ཡོངས་ཀྱིས་རིམ་རྩིས་བྱས་ན་དུད་ཚང་587ཡི་མི་2212ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་ཏེ་འདེབས་འཛུགས་གསོ་ཚགས་དང་འཐེན་ཐུག་དཔལ་འབྱོར་སོགས་ཁྱིམ་དུད་ཐོན་ལས་གཙོ་བོར་བྱེད་པ་དང་། གྲོང་གསེབ་ཡུལ་སྐོར་དང་འོད་ཤུགས་གསར་སྤེལ་སོགས་ཐོན་ལས་སྣ་མང་གཅིག་སྡུད་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཐོག་མར་གྲུབ་ནས་གནས་སྤོས་མང་ཚོགས་གཞིས་ཆགས་ཐུབ་པ་དང་ཕྱུག་པོ་ཆགས་ཐུབ་པ་བྱུང་ཡོད། གོམ་སྟབས་རྗེས་མར་ང་ཚོས་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་འབྲོག་པའི་རྒྱུན་མཐུད་འབབ་འཕར་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ནས་ཕྱིར་སྐྱོད་མཁན་ཚོ་བློ་བདེ་པོས་ཡོང་འབབ་གསོག་པ་དང་གྲོང་ཚོར་སྡོད་མཁན་ཚོ་སྣང་བ་སྐྱིད་པོའི་ངང་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ཡིན”ཞེས་བཤད།

(པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)