《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月19日

ཏང་གི་མཐུན་སྒྲིལ་དང་གཅིག་སྡུད་གཅིག་གྱུར་ལ་སྔར་བས་ཤུགས་སྣོན་རྒྱག་དགོས།

—— ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བའི་སྐོར་གླེང་བ།

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་ཏང་གི་མཐུན་སྒྲིལ་དང་གཅིག་སྡུད་གཅིག་གྱུར་འགན་ལེན་བྱ་རྒྱུ་ནི་ཏང་གི་སྲོག་རྩ་ཡིན་ལ། རང་རེའི་ཏང་འདི་ཉིད་ལོ་ངོ་བརྒྱའི་ཏང་ཆེན་པོར་འགྱུར་བ་དང་དུས་རབས་ཀྱི་རླབས་ཆེན་བྱ་གཞག་གཏོད་པའི་འགག་རྩའང་ཡིན་ཞེས་ནན་བཤད་གནང་ཡོད། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར། ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་ཁྲོད་ནས་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་ལོ་རྒྱུས་ཉམས་མྱོང་བསྡུ་ལེན་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཏང་གི་མཐུན་སྒྲིལ་དང་གཅིག་སྡུད་གཅིག་གྱུར་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཏང་ཡོངས་གོམ་སྟབས་གཅིག་གྱུར་ངང་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། བསམ་བློའི་ཐད་ཀྱི་གཅིག་གྱུར་དང་། ཆབ་སྲིད་ཐད་ཀྱི་མཐུན་སྒྲིལ། བྱ་སྤྱོད་ཐད་ཀྱི་གཅིག་གྱུར་བཅས་ནི་ཏང་གི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བའི་རྩ་བ་ཡིན་ཞེས་བསྟན་ཡོད། ཡན་ཨན་དུས་སྐབས་སུ་རང་རེའི་ཏང་གིས་ཀུན་སྤྱོད་དག་ཐེར་གྱི་ལས་འགུལ་གཞི་ཁྱོན་ཆེན་པོ་སྤེལ་བས། ཏང་ཡོངས་སུ་སྔར་བྱུང་མྱོང་མེད་པའི་མཐུན་སྒྲིལ་དང་གཅིག་གྱུར་བྱུང་སྟེ། རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ལེན་པ་དང་རྒྱལ་ཡོངས་བཅིངས་འགྲོལ་གཏོང་བར་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་ཞིག་བརྟན་པོ་བཏིང་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། རང་རེའི་ཏང་གིས་རྒྱལ་ཡོངས་སུ་སྲིད་བསྐྱངས་རྗེས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པས། སྲ་ཞིང་བརྟན་པའི་མཐུན་སྒྲིལ་གྱི་ཏང་ཞིག་དང་། ཏང་གི་ཆེད་གཏན་འཁེལ་བྱས་པའི་ཡང་དག་པའི་དམིགས་ཚད་ཆེད་བྱ་སྤྱོད་གཅིག་གྱུར་སྤེལ་བ་དང་འབད་འཐབ་ཧུར་ཐག་བྱེད་པའི་ཏང་ཞིག་ཏུ་གྱུར་ནས། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་སུ་ང་ཚོའི་ལས་དོན་ཁག་བདེ་བླག་ངང་སྐུལ་འདེད་གཏོང་བར་འགན་ལེན་གལ་ཆེན་བྱས་ཡོད། ལོ་རྒྱུས་ཀྱི་དུས་སྐབས་གསར་པར་སླེབས་རྗེས་རང་རེའི་ཏང་གིས་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་ཏེ། སྒྱུར་བཅོས་སྒོ་དབྱེ་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་ཐབས་ཇུས་བཏོན་ཡོད། རླབས་ཆེན་གྱི་གསར་བརྗེ་གསར་པ་དེས་རང་རེའི་ཏང་གི་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་གྱི་རླབས་ཆེན་གྱི་གསར་གཏོད་སྐྱེད་སྲིང་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རླབས་ཆེན་མཆོང་སྐྱོད་ལ་སྐུལ་འདེད་བཏང་ཡོད། ཏང་ཡོངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཚེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་མཐུན་སྒྲིལ་ཐུབ་ནས་ཀུན་སེམས་གཅིག་སྒྲིལ་དང་གཞོམ་ཞིག་མེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ཏེ། དགྲ་བོ་མཐའ་དག་དང་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱུང་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་བཏང་བས། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྔར་བས་སྲ་བརྟན་དུ་ཕྱིན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་བྱས་ཡོད། སྒྱུར་བཅོས་ཀྱི་ཁྱབ་ཁོངས་སུ་སྔར་བྱུང་མྱོང་མེད་པའི་ཆོད་སེམས་དང་ཤུགས་ཚད་ལ་བརྟེན་ནས་བསམ་བློའི་འདུ་ཤེས་ཀྱི་འཆིང་རྒྱ་ལས་སྒྲོལ་བ་དང་། ཕྱོགས་ཁག་གི་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་མཐའ་གཅིག་ཏུ་སེལ་བ། ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་པ་བཅས་བྱས་ཏེ། ཟིལ་རླབས་དགུང་འཕྱུར་གྱི་སྒྱུར་བཅོས་ཀྱི་འཕེལ་རིམ་བཏོད་པ་དང་། རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་པ་བཏོད་པས། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་ལོ་རྒྱུས་རང་བཞིན་གྱི་རླབས་ཆེན་གྲུབ་འབྲས་ཐོབ་ཡོད།

2020ལོ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན་ཞིང་། དུས་རབས་ཀྱི་རིམས་ནད་དང་ལོ་བརྒྱའི་དུས་འགྱུར་མཉམ་དུ་གནས་པ་དང་། འགྲན་སློང་དྲག་པོ་དང་དཀའ་ངལ་ཆེན་པོ་མཉམ་དུ་གནས་པའི་སྐབས་སུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། དཀའ་ངལ་ཁྱད་བསད་དང་འགག་སྒྲོལ་དཀའ་སེལ་བྱས་པར་བརྟེན་རིམས་ནད་འགོག་པའི་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ནས་མིའི་རིགས་ཀྱིས་རིམས་ནད་དང་འཐབ་རྩོད་བྱེད་པའི་ལོ་རྒྱུས་ཐོག་དཔའ་ངར་ཞུམ་མེད་ཀྱི་བྱས་རྗེས་གཞན་ཞིག་བཞག་ཡོད། སྔོན་ལ་རིམས་ནད་ཚོད་འཛིན་ཐུབ་པ་དང་། སྔོན་ལ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་པ། སྔོན་ལ་དཔལ་འབྱོར་དངོས་སུ་འཕར་བ་བཅས་བྱུང་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་དཔལ་འབྱོར་དངོས་ཚན་གཙོ་བོ་འབའ་ཞིག་དེར་གྱུར་ཡོད། ངར་ཤུགས་གཅིག་སྒྲིམ་གྱིས་རྒྱལ་ཁ་ཕུ་ཐག་བཅད་པ་བརྒྱུད། དུས་རབས་གསར་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་ལེགས་གྲུབ་བྱུང་བ་དང་ཆབས་ཅིག་ཀྲུང་ཧྭ་མི་རིགས་ལ་ལོ་ངོ་སྟོང་ཕྲག་ཁ་ཤས་དཀའ་ངལ་བཟོ་བའི་དབུལ་པོ་དབུལ་རྐྱང་གི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་ཐུབ་པས་མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་གི་ལོ་རྒྱུས་ཐོག་གི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད། ཏང་ཀྲུང་དབྱང་གི་དབང་གྲགས་ནི་དཀའ་ཉེན་གྱི་དུས་སུ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་ངལ་ལ་མི་འཛེམས་པར་མདུན་དུ་སྐྱོད་པའི་རྩ་བའི་བརྟེན་ས་ཞིག་དང་། ལོ་རྒྱུས་ཀྱི་འགག་རྩ་གལ་ཆེན་དང་ཚོད་བགམ་གལ་ཆེན་གྱི་མདུན་དུ་ཏང་ཀྲུང་དབྱང་གི་བརྡར་ཤ་གཅོད་པའི་ནུས་པ་དང་། ཐབས་ཇུས་ནུས་པ། བྱ་སྤྱོད་ནུས་པ་བཅས་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པ་ལག་ལེན་ལས་སླར་ཡང་ར་སྤྲོད་བྱུང་ཡོད། ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་དང་།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཞུམ་མེད་འབད་འཐབ་ཡོད་པས། ང་ཚོས་མདུན་སྐྱོད་ཀྱི་ལམ་དུ་འཕྲད་པའི་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ཐུབ་ངེས་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་བས་ནུས་ལྡན་གྱི་སྒོ་ནས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་ངེས་རེད།

དེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རེའི་ཏང་དང་རྒྱལ་ཁབ་ཆེན་པོ་འདི་འདྲར། གཅིག་སྡུད་གཅིག་གྱུར་དང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། ཀྲུང་དབྱང་གི་དབང་གྲགས་ཆེན་པོ་བཅས་མེད་ན་འགྲིག་ཐབས་མེད་ཅེས་གསུངས་པ་ལྟར་རེད། “སྲུང་སྐྱོང་གཉིས”ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་དང་། རང་འགན་གཙང་སྒྲུབ་དང་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་ཕན་འབྲས་དངོས། ཏང་ཡོན་དང་ལས་བྱེད་པའི་རྒྱུན་གཏན་གྱི་གཏམ་སྤྱོད་བཅས་ནས་མངོན་པར་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་བརྒྱུད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་ཕྱི་རོལ་གྱི་བླང་བྱ་ནས་ནང་གནས་ཀྱི་རང་འགུལ་དུ་འགྱུར་བར་བྱེད་པ་དང་། རྟག་ཏུ་ཏང་ཀྲུང་དབྱང་གི་དགོངས་དོན་གྱི་ཚད་གཞི་དང་ཡང་ཡང་སྡུར་བ། ཏང་ཀྲུང་དབྱང་གི་བཀའ་སློབ་མཐའ་གཅིག་ཏུ་དང་ལེན། ཏང་ཀྲུང་དབྱང་གི་གཏན་འབེབས་མཐའ་གཅིག་ཏུ་ལག་བསྟར། ཏང་ཀྲུང་དབྱང་གིས་གཏན་འགོག་བྱས་རིགས་ལ་མཐའ་གཅིག་ཏུ་སྲུང་བརྩི་ཞུ་བ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བཅས་བྱས་ཏེ། ཏང་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་བསམ་བློ་གཏོང་ས་གཅིག་ཏུ་བསམ་བློ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ཏུ་ཤུགས་རྒྱག་དགོས། ཆབ་སྲིད་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ཀྱི་ཚོར་སྣང་སྐྱེན་པའི་རང་བཞིན་ཆེ་རུ་བཏང་སྟེ། ཆབ་སྲིད་ནས་གནད་དོན་ལ་ལྟ་ཞིབ་དང་ཐག་གཅོད་བྱེད་མཁས་པོ་བྱེད་པ་ལས། རྒྱལ་ཁབ་ཀྱི་དོན་ཆེན་ལ་དོ་ཁུར་མི་བྱེད་པ་དང་། ཆབ་སྲིད་ཀྱི་བླང་བྱ་དང་། ཆབ་སྲིད་ཀྱི་སྒྲིག་ལམ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་བཅས་ལ་དོ་སྣང་མི་བྱེད་པ། གནད་དོན་སྣ་ཚོགས་ཀྱི་ཆབ་སྲིད་ཀྱི་གནོད་འཚེའི་རང་བཞིན་ལ་ལྟ་སྟངས་ནན་པོ་མི་འཛིན་པ། ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་མཛད་ཕྱོཌ་ལག་བསྟར་དོན་འཁྱོལ་མི་བྱེད་པ་བཅས་རྩ་བ་ནས་བྱ་མི་རུང་།

ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། རླུང་བརྟེན་རླབས་གཤགས་དང་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ནུས་ཤུགས་ཡོད་རྒུས་བླངས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས། (པ་སངས་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)