《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月09日

རྔ་མོང་ར་བའི་རྗེས་ཤུལ་འཚོལ་བ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཧུང་ཤུས།

དཔྱིད་ཀ་འཆར་ཟིན་ནའང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ནང་སོག་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་དུ་གྲང་ངར་ཤིན་ཏུ་ཆེ། ཉིན་ཤས་བསྟུད་མར་ཁ་བ་བབས་པས་གནམ་གཤིས་གྲང་དུ་སོང་ཡོད་མོད། འོན་ཀྱང་གྲང་ངར་ཆེ་བའི་གནམ་གཤིས་ཀྱིས་མཚོ་ནུབ་ཀྲོའུ་གཞུང་ཁོངས་མ་འཇོག་འཁོར་སྐྱོད(ཚོགས་པ)ཚད་ཡོད་ཀུང་སིའི་ཝུའུ་ལམ་རྫོང་ས་རྒོད་གསར་སྦོལ་མོ་ཧོ་རྔ་མོང་ར་བར(གཤམ་ལ་མོ་ཧོ་རྔ་མོང་ར་བ་ཞེས་བསྡུ་རྒྱུ)བསྐྱོད་ནས“གསར་བརྗེའི་རྗེས་ཤུལ་འཚོལ། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བའི་སྤྲོ་སེམས་གཏན་ནས་ཉམས་མེད།

གཏེར་ལེན་ཁ་ནས་མོ་ཧོ་རྔ་མོང་ར་བ་བར་ལམ་ཐག་སྤྱི་ལེ་190ཙམ་ཡོད་ཅིང་། མཚོ་ནུབ་གཞུང་ཁོངས་མ་འཇོག་འཁོར་སྐྱོད་ཀུང་སིའི་ཏང་ཡོན་60ལྷག་ཙམ་བསྡད་པའི“གསར་བརྗེའི་འགྲུལ་སྐྱེལ་རླངས་འཁོར”ནང་འཁྲུག་ཆ་ཧ་ཅང་དོད་པོ་ཡོད་ཅིང་། ཁོང་ཚོས་ལམ་བར་དུ“ཏང་གི་ལོ་རྒྱུས”མཉམ་སྤྱོད་དང་། “ཏང་གི་ལོ་རྒྱུས”ཤེས་བྱའི་དྲི་བ་དྲིས་ལན་འདོན་པ། གསར་བརྗེའི་གླུ་དབྱངས་ལེན་པ་སོགས་ཀྱི་བྱེད་སྒོ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད།

གདུང་སེམས་ཟབ་མོ་མཚོན་པའི་ཏང་གི་ལོ་རྒྱུས་རེ་རེ་ལས་ཏང་གི་བརྗིད་ཆེའི་ལོ་རྒྱུས་ལམ་བུ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་ཕྱིར་དྲན་དང་། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་བ་རྒན་རབས་ཚོའི་བླ་ན་མེད་པའི་མཛད་རྗེས་དང་ཀྲུང་གོ་གུང་ཁྲན་ཏང་མིའི་གཟེངས་སུ་ཐོན་པའི་བསམ་པའི་འཇིག་རྟེན་མཚོན་པ་དང་། ཏང་གི་ལོ་རྒྱུས་ཤེས་བྱའི་དྲི་བ་དྲིས་ལན་རེ་རེ་ལས་ཚང་མས་ཏང་གི་ལོ་རྒྱུས་ཤེས་བྱར་སྔར་བས་རྒྱུས་མངའ་གཏིང་ཟབ་བྱུང་བ། དུས་རབས་མི་འདྲ་བའི་གསར་བརྗེའི་གླུ་དབྱངས་རེ་རེ་ལས་ཚང་མར་འབད་འབུངས་ཡར་སྐུལ་བྱུང་བ་མ་ཟད་བསམ་པའི་རྒྱགས་ཕྱེ་ཕུན་སུམ་ཚོགས་པོ་ཞིག་སྦྱིན་ཡོད་ལ། ཚང་མས་མཉམ་དུ་ཏང་གི་ལོ་ངོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་བསྐྱར་དྲན་ཡང་བྱས་པས། གསར་བརྗེའི་བྱ་གཞག་ལ་བཅངས་པའི་ལྷག་བསམ་རྣམ་དག་དང་ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་ཚང་མའི་ཆོད་སེམས་བརྟན་པོ་མཚོན་ཡོད།

སྒེའུ་ཁུང་གི་ཕྱི་རོལ་དུ་གྲང་ངར་ཤིན་ཏུ་ཆེ་ནའང་རླངས་འཁོར་ནང་གི་སྣ་མང་ཕུན་སུམ་ཚོགས་པའི“བསམ་པའི་རྒྱགས་ཕྱེ”འདི་ལས་ཚང་མའི་བློ་སྟོབས་རབ་ཏུ་འཕེལ། མོ་ཧོ་རྔ་མོང་ར་བའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་གི་འཆད་འགྲེལ་པའི་ཁྲིད་སྟོན་འོག་ཚང་མས་གོ་རིམ་ལྡན་པའི་ངང་བཤམས་སྟོན་ཁང་དུ་ལྟ་སྐོར་བྱས།

“1951ལོའི་ཟླ་8པར། བོད་ཞི་བས་བཅིངས་འགྲོལ་བཏང་མ་ཐག་དཔུང་སྡེ་ཞིག་གིས་རྨ་ཆུའི་ཆུ་འགོ་བརྒྱུད་མདུན་སྐྱོད་བྱེད་རིང་རུ་མི་དང་བཞོན་རྟ་འདམ་རྫབ་ནང་དིམ་པ་སོགས”ཀྱི་རྩ་ཆེའི་པར་རིས་དང་། རྩ་ཆེའི་དངོས་པོ། ཞིབ་ཚགས་པའི་ཡིག་ཐོག་འགྲེལ་བཤད་བཅས་ལས་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་དཔའ་བོ་དཔེ་བཟང་བ་རྒན་རབས་ཚོས་ཏང་ལ་བཅངས་པའི་ལྷག་བསམ་རྣམ་དག་གི་བསམ་པ་དང་ཞུམ་པ་མེད་པའི་དམག་འཐབ་ཀྱི་སྤྱོད་ཚུལ་སླར་ཡང་གསལ་པོར་མངོན་ཡོད།

ཡོན་ཞའོ་ཧུའུ་ཡིས་ཚོམས་ཆེན་ནང་ནས《བོད་སྐྱོད་རྔ་མོང་རུ་ཁག》ཅེས་པའི་དངོས་མཚོན་གློག་བརྙན་རབ་དང་རིམ་པའི་ལེའུ་བཞི་པ《འཆི་གསོན་ལམ་བུ》ཞེས་པ་བལྟས་རྗེས“གསར་བརྗེའི་སྔོན་གཤེགས་དཔའ་བོའི་འོད་སྟོང་འཕྲོ་བའི་མཛད་རྗེས་དང་། འཆི་རྒྱུར་མི་སྐྲག་པ། དཀའ་སྡུག་ལ་མ་འཛེམས་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ཀྱི་སྙིང་སྟོབས་ལས་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང”ཞེས་བརྗོད།

གློག་བརྙན་བལྟས་ཚར་རྗེས་ཏང་ཡོན་ཚང་མས་དམར་མདངས་བཀྲ་བའི་ཏང་དར་ལ་ཁ་ཕྱོགས་ཏེ་ལག་པ་གཡས་པ་མཐོན་པོར་བཏེགས་ནས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱས་པ་རེད། བློ་རྩ་བརྟན་པའི་དམ་ཚིག་རེ་རེ་ལས་དེ་གར་ཡོད་པའི་མི་ཚང་མས་ཏང་ལ་ལྷག་བསམ་རྣམ་དག་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་ཆབ་སྲིད་ཀྱི་དད་སེམས་ལ་དཔང་པོ་བྱས་ཡོད།

མོ་ཧོ་རྔ་མོང་ར་བའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་ཀྲང་ཚུན་ཧུའུ་ཡིས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གཉེར་རྔ་མོང་ར་བ་ཆེ་ཤོས་ཐོག་མ་དེ་ཡིན་པའི་མོ་ཧོ་རྔ་མོང་ར་བ་འདི་ཉིད་ཞིང་ཆེན་ཡོངས་ཀྱི་གསར་བརྗེའི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། གསར་བརྗེའི་སྲོལ་རྒྱུན་སློབ་གསོ་བཅས་སྤེལ་ཡུལ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བའི་གསོན་ཉམས་དོད་པའི་སློབ་ཚན་ཚོགས་ཡུལ་ལ་གྱུར་ཡོད། “རྔ་མོང་ར་བའི་སྙིང་སྟོབས”མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་སྒུལ་ཤུགས་ཆེན་པོར་གྱུར་ནས་ང་ཚོ་མ་འོངས་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་ལྕག་བྱེད་བཞིན་ཡོད།

(བཀྲ་ཤིས་ཚེ་དབང་གིས་བསྒྱུར། བདེ་དབང་གིས་ཞུས)