《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月09日

དཔེ་ཚོགས་ཆེ་གྲས《སྤྱི་མཐུན་རྒྱལ་ཁབ་ཀྱི་ཉིན་ཐོ》ཞེས་པར་སྤྱི་མཐུན་རྒྱལ་ཁབ་ཀྱི་རྟག་བརྟན་གྱི་དྲན་འཆར་བཀོད་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། “ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་ཀྱི་གཙོ་གནད་དཔེ་དེབ་དཔེ་སྐྲུན་འཆར་གཞིའི་རྣམ་གྲངས་དང་རྒྱལ་ཁབ་ཀྱི་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ཀྱི་དཔེ་ཚོགས་ཆེ་གྲས《སྤྱི་མཐུན་རྒྱལ་ཁབ་ཀྱི་ཉིན་ཐོ》ཉིན་ཤས་གོང་ཧོ་ནན་མི་དམངས་དཔེ་སྐྲུན་ཁང་གིས་1950ལོ་ནས་1965ལོའི་བར་གྱི་བམ་པོ་དང་། 1979ལོ་ནས་1983ལོའི་བར་གྱི་བམ་པོ་བཏོན་ཡོད།

དཔེ་ཚོགས་དེ་ནི་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་། དེང་རབས་ཀྲུང་གོ་ཞིབ་འཇུག་ཁང་སོགས་སྒྲིག་གཞིའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་སྒྲིག་བཟོ་རྩོམ་འབྲི་བྱས་པ་ཞིག་རེད། དེ་ནི་ལོ་རྒྱུས་རྩོམ་སྒྲིག་བྱེད་སྟངས་གསར་གཏོད་དང་། ལོ་རིམ་བཞིན་སྒྲིག་པ། ཟིན་ཐོ་འགོད་པ་བཅས་ཀྱི་རྣམ་པ་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་ནས། ལོ་རེར་བམ་པོ་རེ་བཏོན་ཏེ་ཟླ་རེ་དང་། གཟའ་འཁོར་རེ། ཉིན་རེ་བཅས་ཀྱི་སྒོ་ནས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟིལ་རླབས་དགུང་འཕྱུར་གྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་བཀོད་ཡོད། དེར་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། དམག་དོན། ཕྱི་འབྲེལ་སོགས་ཁྱབ་ཁོངས་ཁག་ཚུད་པ་དང་། ཀྲུང་དབྱང་དང་། ས་གནས། གཞི་རིམ་སོགས་ཀྱི་རིམ་པ་ཚུད་ཡོད། དེར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་རྒྱལ་ཡོངས་མི་དམངས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་པ་དང་། རྒྱལ་ཁབ་འཕེལ་རྒྱས་འཛུགས་སྐྲུན་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཞིབ་ཅིང་ཕྲ་བ་དང་བདེན་པ་བདེན་ཐུབ་བཀོད་ཡོད།

རིགས་གཅིག་མཁས་ཅན་གྱིས། དེབ་འདི་ནི་ཕྱོགས་མང་པོའི་ཐད་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་མཚོན་པའི་དཔེ་ཚོགས་ཆེ་གྲས་ཤིག་ཡིན་པས་དོན་ཆེན་དང་དོན་གནད་ཞིབ་འབྲི་བྱས་ཡོད་ལ། ལོ་རྒྱུས་ཀྱི་ཞིབ་ཆ་གསལ་པོར་བཀོད་པ་དང་། དངོས་སུ་མིག་མཐོང་ལག་ཟིན་འབྱུང་མཁན་གྱི་མཐོང་ཐོས་མྱོང་གསུམ་ཡང་བསྐྱར་མཚོན་པར་བྱས་པ་མ་ཟད། ད་དུང་རྩ་ཆེའི་ལོ་རྒྱུས་ཀྱི་པར་འབོར་ཆེན་ཞིག་ཀྱང་ཚུད་ཡོད། དེ་དག་གིས་གསོན་ཉམས་དོད་པོས་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་མི་སེར་གྱི་འཚོ་བའི་འགྱུར་ལྡོག་མཚོན་པ་དང་། ཡིག་རིས་ཤན་སྦྱར་ནས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྟག་བརྟན་གྱི་དྲན་ཤེས་བཀོད་པས་ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་དང་། ཚད་ལྡན་ཡིག་ཆའི་རིན་ཐང་། དོན་དངོས་ཀྱི་དོན་སྙིང་བཅས་ཆེན་པོ་ལྡན་ཡོད། དེབ་དེ་དཔེ་སྐྲུན་བྱས་པས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་བྱེད་པར་ལོ་རྒྱུས་ཀྱི་དཔྱད་གཞི་ཕུན་སུམ་ཚོགས་པོ་མཁོ་འདོན་བྱེད་ཐུབ་ཅེས་བརྗོད།

ཤེས་རྟོགས་བྱུང་བར་གཞིགས་ན། དཔེ་ཚོགས་དེ་དུས་ཐེངས་དང་པོར་བམ་པོ་60(1949ལོ་ནས་2008ལོ་བར)ཡོད། དེ་བྱིངས་ཀྱི་བམ་པོ་དག་གཅིག་མཇུག་གཉིས་མཐུད་ངང་དཔེ་སྐྲུན་བྱེད་རྒྱུ་ཡིན་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། བསྟན་འཛིན་བློ་གྲོས་ཀྱིས་ཞུས)