《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月07日

དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་རྒྱལ་ཡོངས་སུ་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་1.02ཟིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་གསར་འགོད་པར་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་རྟོགས་བྱུང་གསལ། ས་གནས་ཁག་གི་རིག་གནས་དང་ཡུལ་སྐོར་སྡེ་ཚན་དང་། འཕྲིན་གཏོང་གཉེར་སྐྱོང་ཚོང་པ། དྲ་ཐོག་གི་ཡུལ་སྐོར་ཞབས་འདེགས་ཚོང་པ་བཅས་ཀྱི་གྲངས་གཞི་ཕྱོགས་བསྡུས་བྱས་པ་དང་། རིག་གནས་དང་ཡུལ་སྐོར་པུའི་གྲངས་གཞི་ལྟེ་གནས་ཀྱིས་ཚོད་རྩིས་བྱས་པ་བརྒྱུད། དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་། རྒྱལ་ཡོངས་སུ་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་1.02ཟིན་པ་དེ་བསྡུར་གཞི་ཡོད་པའི་གྲངས་གཞིའི་དུས་མཚུངས་ལས་144.6%འཕར་ནས་རིམས་ནད་གོང་གི་དུས་མཚུངས་ཀྱི་94.5%སླར་གསོ་ཐུབ་པ་དང་། རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་271.68བྱུང་བ་དེ་དུས་མཚུངས་ལས་228.9%འཕར་ནས་རིམས་ནད་གོང་གི་དུས་མཚུངས་ཀྱི་56.7%སླར་གསོ་ཐུབ་པ། རྒྱལ་ནང་གི་ཡུལ་སྐོར་ཁྲོམ་ར་རིམ་བཞིན་སླར་གསོ་ཐུབ་པ་དང་ཐག་ཉེའི་ཡུལ་སྐོར་གྱི་བཟུང་ཚད་མཐོ་བ་དང་། ཡུལ་སྐོར་ཐོན་རྫས་ཀྱི་རིན་གོང་དམའ་བ། མཛེས་ལྗོངས་ཁུལ་གྱི་སྤ་སེའི་རིན་གོང་བཅག་པ་དང་རྩ་ཆག་བཏང་བ་སོགས་ཀྱི་རྒྱུ་རྐྱེན་དབང་གིས། ཡུལ་སྐོར་འཛད་སྤྱོད་རྦད་དེ་སླར་གསོ་ཐུབ་པར་ད་དུང་ཉིན་འགའ་ཤས་འགོར་གྱི་ཡོད། དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་རྒྱལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་སུ་དམིགས་བསལ་ཚབས་ཆེའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཐོན་མེད་པ་དང་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་བརྒྱུད་རིམས་ནད་མཆེད་པའི་གནས་ཚུལ་ཐོན་མེད་པ་རེད།