《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月07日

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།

《སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་མ་ཟད། བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

(གཅིག)མཛུབ་ཁྲིད་བསམ་བློ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་རིག་གནས་གདེང་ཚོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་འདི་ཉིད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་སྐྲུན་པའི་འཐབ་ཇུས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་འཛུགས་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་བཅས་ཀྱི་ནང་དོན་གལ་ཆེན་ལ་བརྩིས་ནས། མི་རིགས་ཧྲིལ་པོའི་ཁྲིམས་སྐྱོང་གི་བྱང་ཚད་དང་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་རུ་ཏན་ཏིག་གཏོང་བ་དང་། དེང་རབས་ཅན་ལ་ཕྱོགས་པ་དང་། འཛམ་གླིང་ལ་ཕྱོགས་པ། འབྱུང་འགྱུར་ལ་ཕྱོགས་པ་བཅས་དང་མི་རིགས་དང་། ཚན་རིག དམངས་ཚོགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྟོབས་དང་ལྡན་པའི་བསམ་བློའི་འགན་ལེན་དང་བསམ་པའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་འདིང་དགོས།

(གཉིས)ལས་དོན་གྱི་རྩ་དོན།

—— ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རིང་གི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་མཛུབ་ཁྲིད་གནས་བབ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་གི་ཡང་དག་པའི་ཁ་ཕྱོགས་འགན་ལེན། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་དུ་སྐྱོད་དགོས།

—— མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་བྱེད་པ་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་མི་དམངས་ལ་བརྟེན་ནས་མི་དམངས་ཀྱི་ཉིན་བཞིན་གོང་མཐོར་འགྲོ་བའི་དམངས་གཙོ་དང་། ཁྲིམས་སྐྱོང་། གཞུང་དྲང་། དྲང་བདེན་བཅས་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་ཐུབ་པར་བྱེད་དགོས།

—— ཁྲིམས་སྐྱོང་ལ་བརྟེན་ནས་གནམ་འོག་བདེ་འཁོད་དང་ཀུན་སྤྱོད་བཟང་པོར་བརྟེན་ནས་མི་སེམས་ལ་སློབ་གསོ་རྒྱག་པ་མཐའ་འཁྱོངས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་མཉམ་འདྲེས་བྱས་ནས་ཁྲིམས་ཀྱིས་སྐྱོང་བ་དང་ཀུན་སྤྱོད་ཀྱིས་སྐྱོང་བ་གཅིག་རམ་གཅིག་འདེགས་དང་ཕན་ཚུན་སྤེལ་རེས་བྱེད་དགོས།

—— བསམ་སྤྱོད་གཅིག་གྱུར་དང་ལག་ལེན་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་དམངས་ཚང་མ་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ལ་ལྷག་བསམ་རྣམ་དག་ངང་གོང་བཀུར་བྱེད་མཁན་དང་། རང་རྟོགས་ངང་སྲུང་བརྩི་ཞུ་མཁན། བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་མཁན་བཅས་སུ་འགྱུར་བར་ཁྲིད་སྟོན་བྱེད་དགོས།

—— རྒྱུན་འཛིན་འཕེལ་རྒྱས་དང་དྲང་སྲུང་གསར་གཏོད་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་དར་སྤེལ་གཏོང་བ་དང་འཛམ་གླིང་ཁྲིམས་སྐྱོང་གི་ཕུལ་བྱུང་ཤེས་དཔལ་གྲུབ་འབྲས་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་ཟམ་མི་ཆད་པར་འཕེལ་རྒྱས་དང་གྲ་རྒྱས་ཡོང་བར་བྱེད་དགོས།

(གསུམ)སྤྱིའི་དམིགས་ཚད། འབད་འཐབ་ལྷོད་མེད་བྱེད་པ་བརྒྱུད་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྔར་བས་འཛུགས་པ་དང་། ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་རྣམ་པ་ཉིན་བཞིན་ཟབ་ཏུ་གཏོང་བ། ཁྲིམས་སྐྱོང་རིག་གནས་བྱ་གཞག་གྲ་རྒྱས་སུ་གཏོང་བ། ཁྲིམས་སྐྱོང་རིག་གནས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་ཟམ་མི་ཆད་པར་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། 2035ལོར་སླེབས་སྐབས་ཁྲིམས་སྐྱོང་རྒྱལ་ཁབ་དང། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་དང་འཚམ་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་རྩ་བའི་ཆ་ནས་ཆགས་པར་བྱེད་པ་དང་། སྤྱི་ཚོགས་ཡོངས་སུ་བྱ་བ་སྒྲུབ་སྐབས་ཁྲིམས་ལྟར་སྒྲུབ་པ་དང་། དཀའ་གནད་འཕྲད་སྐབས་ཁྲིམས་ལ་རྟེན་པ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ། འགལ་ཟླ་སེལ་སྐབས་ཁྲིམས་ལ་རྟེན་པ་བཅས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་ཆགས་པར་བྱེད་དགོས། (པ་སངས་ཀྱིས་བསྒྱུར། པ་སངས་དང་སྐལ་མཆོག་གིས་ཞུས)