《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月07日

འཚམས་འདྲིར་སྐྱོད་རིམ་བཞིན་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོར་ཡར་རྒྱས་ཆེན་པོ་བྱུང་བ་ཚོར་བྱུང་།

—— མོ་རོ་ཁོའི་དོན་དངོས་རང་བཞིན་དང་དེང་རབས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཟུར་པ་ཨོ་མཱ་ལི་ལ་བཅར་འདྲི་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེང་པིན་ཅེ།

“2006ལོ་ནས་བཟུང་ངས་ཀྲུང་གོར་འཚམས་འདྲི་ཐེངས་མང་བྱས་པ་ཡིན། འཚམས་འདྲི་བྱེད་རིམ་བཞིན་ཀྲུང་གོའི་ཞིང་ལས་དང་། བཟོ་ལས། ཚོང་ལས། གྲོང་ཁྱེར་འཛུགས་སྐྲུན། རིག་གནས་དང་ཆབ་སྲིད་བཅས་ཀྱི་ཁྱབ་ཁོངས་སུ་ཡར་རྒྱས་ཆེན་པོ་བྱུང་བ་ཚོར་བྱུང་། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་དག་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བྱུང་བ་ཞིག་རེད”ཅེས་མོ་རོ་ཁོའི་དོན་དངོས་རང་བཞིན་དང་དེང་རབས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཟུར་པ་དབྱི་ལི་ཡ་སི·ཨོ་མཱ་ལིས་ཉིན་ཤས་གོང་ར་པ་ཐེ་གྲོང་ཁྱེར་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་ཡོད།

ཨོ་མཱ་ལིས་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལྟེ་བར་འཛིན་པའི་སྲིད་འཛིན་འདུ་ཤེས་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པར་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་རིགས་པའི་གཞུང་ལུགས་ཐད་གསར་གཏོད་ཟམ་མི་ཆད་པར་བྱས་པའི་ཁར། ཡང་དག་པའི་འབྱུང་འགྱུར་གྱི་འཆར་འགོད་ཀྱང་བཟོས་པས་དཔལ་འབྱོར་དང་། ཆབ་སྲིད། ཕྱི་འབྲེལ་སོགས་ཁྱབ་ཁོངས་ཀྱི་ཀྲུང་གོའི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་ཅེས་བརྗོད།

དེ་སྔོན་གདན་ཞུས་ལྟར་2017ལོར་པེ་ཅིང་དུ་འཚོགས་པའི་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་དབར་གྱི་མཐོ་རིམ་གླེང་མོལ་ཚོགས་འདུར་ཞུགས་མྱོང་བའི་ཨོ་མཱ་ལིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གླེང་མོལ་ཚོགས་འདུའི་ཐོག་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ངེས་པར་དུ‘གནམ་འོག་ཁྱིམ་ཚང་གཅིག’གི་འདུ་ཤེས་མཐའ་འཁྱོངས་བྱས་ནས་ལྷག་བསམ་རྣམ་དག་དང་། ཕན་ཚུན་བསམ་ཤེས། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བཅས་བྱས་ཏེ་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་འབད་བརྩོན་བྱེད་དགོས་ཞེས་པའི་གཏམ་བཤད་གནང་བ་དེས་ཁོ་བོར་བག་ཆགས་ཟབ་མོ་བྱུང”ཞེས་བརྗོད།

ཨོ་མཱ་ལི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་དུས་དང་རྣམ་པ་ཀུན་ཏུ་མི་དམངས་སེམས་ལ་འཇོག་མཁན་གྱི་འགོ་ཁྲིད་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་གཞི་རིམ་དུ་ལས་དོན་བསྒྲུབས་པའི་ཉམས་མྱོང་ཡོད་ལ། འཇོན་ཐང་ཁྱད་དུ་འཕགས་པའི་ཁར། དགོངས་བཞེད་ཟབ་མོ་གནང་ཐུབ་མཁན་ཞིག་ཡིན་པས། མར་ཁེ་སི་རིང་ལུགས་ཀྲུང་གོའི་དོན་དངོས་ཞིབ་ཕྲ་དང་ཟུང་འབྲེལ་བྱས་ཡོད། ཁོང་གིས‘མི་དམངས་གོང་དུ་བཀུར་བའི’འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པ་ནི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་གྱི་གྲས་ཤིག་རེད”ཅེས་བརྗོད།

ཨོ་མཱ་ལི་ཡིས་2020ལོར་ཏོག་གསར་རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྡབ་རྡེག་ཆེན་པོ་བཟོས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོས་རིམས་ནད་ལ་ཚོད་འཛིན་ནུས་ལྡན་བྱས་ལ། དབུལ་པོ་དབུལ་རྐྱང་བསལ་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པར་བྱས་ཡོད་ཅེས་བརྗོད།

“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཐོག་མའི་དུས་ནས་རྒྱ་ཆེའི་མི་དམངས་དང་འབྲེལ་བ་དམ་ཟབ་བཙུགས་ཡོད”ཅེས་ཨོ་མཱ་ལིས་བརྗོད་པ་དང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་ཞིང་པ་དང་གྲོང་གསེབ་ས་ཁུལ་གྱི་ཁེ་ཕན་ལ་མཐོང་ཆེན་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ཞིང་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་ཐོག་མཐའ་བར་གསུམ་དུ་བརྗེད་མེད་ཅེས་བཤད།

ཨོ་མཱ་ལིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོར་གྲུབ་འབྲས་གསར་པ་གལ་ཆེན་ཟམ་མི་ཆད་པར་འཐོབ་པའི་ཡིད་ཆེས་བྱེད།

(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)