《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月06日

ས་མཐོའི་བླ་ན་མེད་པའི་སྙིང་སྟོབས་ལ་གུས་འདུད་ཞུ།

—— “འཛམ་གླིང་ཡང་རྩེའི”སྙིང་སྟོབས་ཀྱི་མཐོ་ས།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲའེ་ཡུང་ཀོན། ཀྲང་ཀྲའོ་ཅི། སྐལ་བཟང་རྣམ་རྒྱལ། ཐེན་ཅིང་ཝུན།

དར་དམར་མཐོན་པོར་བསྒྲེངས་པ།

ཟླ་4ཚེས་4ཉིན་གྱི་དྭངས་གསལ་དུས་ཚིགས་ལ་བོད་ལྗོངས་མངའ་རིས་ཀྱི་ཏང་ཡོན་ལས་བྱེད་པ་དང་། བཅིངས་འགྲོལ་དམག སློབ་མ། མང་ཚོགས་བཅས་སེང་གེ་ཁ་འབབ་ཀྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་འཛོམས་ནས་སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུས་པ་རེད།

བོད་ལྗོངས་མངའ་རིས་ཀྱི་ཆ་སྙོམས་ས་བབ་སྨི་4500ཡན་ཟིན་པས། ལྷོ་སྣེ་དང་བྱང་སྣེ་ཕུད་པའི་མིང་དོན་མཚུངས་པའི“མཐོ་སྣེ”རེད། བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། འབད་འཐབ་པ་མི་རབས་རེ་རེས་མཐའ་མཚམས་སྲུང་བ་དང་མཐའ་མཚམས་འཛུགས་སྐྲུན་བྱས་ནས་ཁོར་ཡུག་ཞན་པོར“མི་ཡུལ་གྱི་ངོ་མཚར”བཏོད་ཡོད།

བྱང་རྩྭ་ཐང་གི་ས་བབ་སྨི་4571ཟིན་ཞིང་། དེར་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་བརྒྱ་ཤོག་གི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་འགྱིང་ངེར་གནས།

ལོ་71གོང་མི་རིགས་7གྱི་འཐབ་འཛིང་བ་136ལས་གྲུབ་པའི་བོད་སྐྱོད་སྔོན་སྐྱོད་བརྒྱ་ཤོག་གིས་ཏང་གི་འཐུས་མི་ལི་ཏི་སན་གྱི་སྣེ་ཁྲིད་འོག་ཤིན་ཅང་ནས་ཐོན་ཏེ་བོད་ལྗོངས་མངའ་རིས་སུ་བསྐྱོད།

འདི་ལོ་ལོ་65ལ་སླེབས་པའི་བྲག་ཕུག་གྲོང་ཚོའི་རྒན་པོ་ཁྲ་རིས་ཀྱིས་གསར་འགོད་པར་སྔོན་སྐྱོད་བརྒྱ་ཤོག་གི་འདས་དོན་གླེང་ཞིང་། ཁོང་གིས“སྔོན་སྐྱོད་བརྒྱ་ཤོག་གི་འཐབ་འཛིང་བས་ངའི་གྱོས་པོའི་ས་ནས་ལུག་ཉོ་སྐབས་ངའི་གྱོས་པོས་རིན་པ་མི་དགོས་ཞེས་བཤད་ཀྱང་ཁོ་ཚོས་མོས་མཐུན་གཏན་ནས་མ་བྱས་པར་རྡ་ཡང་11བཞག་སོང”ཞེས་བཤད།

གྲ་མ་མང་པོར་དགུན་དུས་ཆ་རྐྱེན་ཧ་ཅང་ཞན་པས། སྔོན་སྐྱོད་བརྒྱ་ཤོག་གི་འབྲུ་རིགས་དང་ཚྭ་རྫོགས་ནས་ཉེན་ཁའི་གནས་སུ་གྱར། ས་མཐོའི་ནད་ཡམས་ཤིག་འཐབ་འཛིང་བར་མཆེད་ནས་ཁག་གཅིག་གི་གཟུགས་པོ་ཡོངས་སྐྲངས་པ་དང་ཁྲག་སྐྱུགས། སྨན་པ་མེད་པའི་ཁར་སྨན་རྫས་ཀྱང་དཀོན་པས་གྲོངས་མཁན་ཇེ་མང་དུ་སོང་བ་དང་། གྲོངས་མཁན་མང་ཤོས་སྐབས་སྔོན་སྐྱོད་བརྒྱ་ཤོག་གིས་ཉིན་གཅིག་ལ་སྐུ་ཕུང་11དུར་འཇུག་བྱས་མྱོང་།

དཀའ་ཚེགས་ཆེ་ཤོས་ཀྱི་སྐབས་སུ་ལི་ཏི་སན་གྱིས་བློ་བརྟན་འགྱུར་མེད་ངང“སྔོན་སྐྱོད་བརྒྱ་ཤོག་ལ་མི་གཅིག་ལས་མ་ལྷགས་ནའང་ལྕགས་ཁབ་བཞིན་དུ་མངའ་རིས་ཀྱི་ས་གཞི་ཆེན་པོར་བརྟན་དུ་གནས་ཐུབ་པ་བྱེད་དགོས”ཞེས་བཤད།

ད་ཆ་སྔོན་གཤེགས་དཔའ་བོ་འདས་ཟིན་མོད། དཀའ་སྡུག་དང་འཆི་རྒྱུར་མི་སྐྲག་ཅིང་། རྒྱལ་ཁབ་དང་མི་དམངས་ལ་ཡོད་ཚད་བློས་གཏོང་བྱེད་པའི་སྙིང་སྟོབས་ནི་བརྗིད་ཆགས་ཀྱི་མཛད་རྗེས་རྡོ་རིང་དང་འདྲ་བར་ནམ་ཡང་མི་གཡོ་བར་བརྟན་པོར་གནས་ཏེ་ས་མཐོར་རྩ་བ་ཚུགས་ཤིང་མྱུ་གུ་འབུས་ཏེ་མི་རབས་ནས་མི་རབས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད།

མཛད་རྗེས་རྡོ་རིང་།

སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་གྱི་ཁུང་ཧྥན་སེན་གྱི་བང་སོའི་འགྲམ་དུ་འོམ་བུའི་ཤིང་གི་ཚོམ་བུ་ཞུམ་མེད་ཀྲོང་ངེར་འཚར་བཞིན་མཆིས།

ཁུང་ཧྥན་སེན་ནི་ས་མཐོའི་འོམ་བུ་ཤིང་ལྟ་བུ་ཞིག་རེད།

“བོད་ཀྱི་རྒན་རྒོན་ནི་ངའི་ཕ་མ་དང་། བོད་ཀྱི་ཕྲུ་གུ་ནི་ངའི་བུ་ཕྲུག་རེད”ཁུང་ཧྥན་སེན་གྱིས་གློ་ནད་ཕོག་པའི་བོད་རིགས་སྤུན་ཟླ་ཞིག་ལ་རྣག་ལུད་འཇིབ་རོགས་དང་། རྒན་རྒོན་འོན་ལྐུགས་ཤིག་གི་རྐང་པ་རང་གི་བྲང་ཁར་སྦྱར་ནས་དྲོད་ཁུག་ཐབས། གླ་ཆ་མཐོ་པོ་མེད་ཀྱང་ས་མཐོའི་དྭ་ཕྲུག་གསོ་སྐྱོང་བཅས་བྱས་ཡོད།

“ནག་ནོག་གི་དྲི་མས་མ་འགོས་པ་དང་རྒྱུ་རྔན་ཟས་གནོང་མེད་པར་མཚན་སྙན་གྲགས་དང་བདེ་སྡུག་རྒྱབ་ཏུ་བསྐྱུར་ནས་སེང་གེ་ཁ་འབབ་ཀྱི་ཆུ་མོ་བཞིན་དུ་དྭངས་ཞིང་གཙང་བ་དང་། ཕ་ཡུལ་སྤངས་ནས་བརྩེ་བ་གངས་ལྗོངས་ས་མཐོར་བཅངས་ཏེ་མི་རིགས་མཐུན་སྒྲིལ་གྱི་རི་བོ་གངས་ཏི་སིའི་ཚད་དུ་བཞག་ཡོད”1994ལོའི་ཟླ་11ཚེས་29ཉིན་ཁུང་ཧྥན་སེན་གཞུང་དོན་དུ་རང་སྲོག་ཤོར་ཞིང་དེ་དུས་ལོ་50ཏག་ཏག་ཡིན་པ་དང་། གྲོངས་དུས་ལུས་ལ་དངོས་པོ་གཉིས་རང་ལས་མེད་པ་སྟེ། སྒོར་བརྒྱད་དང་སྒོར་ཟུར་དྲུག་དང་ཁོང་མ་གྲོངས་གོང་བྲིས་པའི་མངའ་རིས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་གྲོས་འགོ་12དེ་རེད།

ལོ་71རིང་མི་དམངས་དཔའ་བོའི་མཛད་རྗེས་ས་མཐོར་ཁྱབ་ཡོད།

ད་ཆ་ཁུང་ཧྥན་སེན་གྱི་སྙིང་སྟོབས་དང་སྔོན་སྐྱོད་བརྒྱ་ཤོག་གི་སྙིང་སྟོབས་ས་བོན་ཞིག་ཏུ་གྱུར་ནས་མངའ་རིས་ཀྱི་ཏང་ཡོན་དང་ལས་བྱེད་པའི་ཁྲག་རྒྱུན་ཏུ་སིམ་སྟེ་མི་རྣམས་ལ་འབད་འཐབ་ལྷོད་མེད་བྱེད་དགོས་པའི་ལྕག་སྐུལ་བྱེད་བཞིན་ཡོད།

བྱས་རྗེས་ངོ་མཚར་ཆེ།

ཐོག་དཔངས་དམའ་བའི་ས་ཕག་གི་ཁང་པ་ཞིག་ཏུ་ཀོ་མན་ཐུག་པ་སྒམ་གཉིས་བརྩེགས་ཏེ་ཤིང་ལེབ་དང་ཚགས་པར་གྱིས་བཀབ་ཡོད། དེ་ནི་མངའ་རིས་རྩྭ་མདའ་རྫོང་གི་རྫོང་ཨུད་ཀྱི་ཧྲུའུ་ཅི་ཟུར་པ་ལིའུ་ཅི་ཧྭ་ཡི་གཞུང་ལས་སྒྲུབ་ས་རེད།

1976ལོའི་ཟླ་10པར་ལིའུ་ཅི་ཧྭ་ཡིས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཞུས་ནས“ཡང་རྩེའི་མངའ་རིས”སུ་རྩ་བ་ཚུགས། ཡུལ་དེའི་མི་སེར་གྱིས་རྩྭ་མདའི་ལམ་ནི་ལིའུ་ཅི་ཧྭ་ཡིས་གོམ་པ་རེ་རེས་འཇལ་བ་ཞིག་རེད་ཅེས་རྗོད་ཀྱི་ཡོད།

དཔོན་པོ་བྱས་ནས་ལོ་17སོང་རིང་། སྤྱོད་གཙང་གཞུང་དྲང་གི་ལིའུ་ཅི་ཧྭ་ཡིས་གཞི་རིམ་དུ་རྟག་པར་མི་ཉུང་སྟབས་བསྡུས་སྒོ་ནས་སྐྱོད་ཀྱི་ཡོད། མངའ་རིས་དངོས་མང་རྟེན་རྫས་བཤམས་མཛོད་ཁང་གིས་ལིའུ་ཅི་ཧྭ་ཡི་སྐོར་གྱི་འགྲེམས་སྟོན་དང་གཏམ་རྒྱུད་འབྲི་དགོས་སྙམ་སྐབས་ཡིག་ཚགས་ནང་གི་ཕྱེད་པར་གཅིག་ལས་པར་གཞན་དག་གཅིག་ཀྱང་རྙེད་ཀྱི་མེད།

བོད་ཀྱི་འཕེལ་རྒྱས་ཀྱི་མཚམས་ཚིགས་གལ་ཆེན་འདིར་ལིའུ་ཅི་ཧྭ་ལྟ་བུའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཕྲག་ཏུ་འཁུར་མཁན་གྱི་ཏང་ཡོན་ལས་བྱེད་པས་གདོང་མཆོང་བྱས་ཏེ་གངས་ལྗོངས་ས་མཐོར་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད།

རྩྭ་མདའ་རྫོང་བསྟི་ཡག་ཤང་སྲིབ་སྐྱིད་གྲོང་ཚོའི་བུད་མེད་ཀྲུའུ་རེན་ཆོས་འཛོམས་སྒྲོལ་མས་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཐའ་སྲུང་ཕྱུགས་འཚོའི་གཟེར་འདེབས་ཀྱི་སྙིང་སྟོབས་བཞིན་མེས་རྒྱལ་གྱི་མཐའ་མཚམས་བརྟན་པོ་སྲུང་བ་དང་རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱས་ཡོད།

སྒེར་རྩེ་རྫོང་འཆམ་གུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་དོན་གྲུབ་ཀྱིས་ཡུལ་མི་ཚོའི་སྣེ་ཁྲིད་དེ་མཉམ་ལས་ཁང་བཙུགས་ནས་ངལ་རྩོལ་ནུས་ཤུགས་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། ཐོན་སྐྱེད་བྱས་པ་དང་། ཨར་པོའི་རུ་ཁག་བཙུགས་པ། ཞིང་འཕྲུལ་ཉམས་གསོ་བཟོ་གྲྭ་དང་ཚོང་ཁང་བཙུགས་ཡོད། 2017ལོར་ཡུལ་མི་ཚོའི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི་1.5ཟིན་ནས་གྲོང་ཚོ་ཡོངས་དབུལ་སྒྲོལ་ཐུབ་ཡོད།

(བསྟན་འཛིན་བློ་གྲོས་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)