《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月31日

རིམས་འགོག་སྨན་ཁབ་བགོ་བཤའ་དྲང་སྙོམས་ཀྱིས་མིའི་རིགས་ཀྱི་ཀུན་སྤྱོད་དང་ཕྱོགས་མང་རིང་ལུགས་ཀྱི་དད་སེམས་ལ་ཚ་འདྲི་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཅན་ཀང་།

ཟླ་3ཚེས་26ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་193ཁྲོད་ཀྱི་རྒྱལ་ཁབ་181ཀྱིས《གོ་ལ་ཧྲིལ་པོར་ཏོག་གསར་རིམས་འགོག་སྨན་ཁབ་དྲང་སྙོམས་ངང་ཐོབ་པར་བྱ་རྒྱུའི་ཆབ་སྲིད་བསྒྲགས་གཏམ》ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་ཅིང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཏོག་གསར་རིམས་འགོག་སྨན་ཁབ་དྲང་སྙོམས་ངང་ཐོབ་པར་བྱ་རྒྱུའི་ཐད་ལ་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་བྱུང་མོད། འོན་ཀྱང་དོན་དངོས་ཐོག་ཏོག་གསར་རིམས་འགོག་སྨན་ཁབ་དྲང་སྙོམས་ངང་ཐོབ་པར་སྔར་བཞིན་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡོད། དེས་ན་རིམས་འགོག་སྨན་ཁབ་བགོ་བཤའ་དྲང་སྙོམས་ཀྱིས་མིའི་རིགས་ཀྱི་ཀུན་སྤྱོད་དང་ཕྱོགས་མང་རིང་ལུགས་ཀྱི་དད་སེམས་ལ་ཚ་འདྲི་བཏང་བཞིན་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་2པའི་ཟླ་དཀྱིལ་གྱི་ཚོགས་འདུ་ཞིག་གི་ཐོག མིག་སྔར་རིམས་འགོག་ལས་དོན་ཐད“དྲང་སྙོམས་དང་དྲང་གཞག་མེད་པའི་གནས་ཚུལ་ཚབས་ཆེན་པོ་ཡོད”ཅེས་བསྟན་ཡོད། རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལེགས་གྲུབ་བྱུང་བའི་ཁྲོད་རིམས་འགོག་སྨན་ཁབ་རྒྱག་ཡུལ་75%རྒྱལ་ཁབ་10རུ་གཅིག་སྡུད་བྱས་ཡོད་པ་དང“རྡབ་རྡེག་ཕོག་པ་དང་བདེ་འཇགས་མེད་པའི་ཤུགས་རྐྱེན་ཐེབས་པའི་མི་ཚོགས་དག་དཔུང་རུའི་རྗེས་སུ་ལུས་པའི་ཉེན་ཁ་འཕྲད་ཡོད”ཅེས་བསྟན་ཞིང་། ཁོང་གིས“རིམས་འགོག་སྨན་ཁབ་བགོ་བཤའ་དྲང་སྙོམས་ཡོང་བ་བྱ་རྒྱུ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ལ་མིག་སྔར་འཕྲད་པའི་ཀུན་སྤྱོད་ཀྱི་ཚོད་བགམ་ནན་ཤོས་ཤིག་ཡིན”ཞེས་འཛེམ་ཟོན་མེད་པར་བརྗོད་པ་རེད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཐེན་ཏེ་སའེ་ཡིས་རིམས་འགོག་སྨན་ཁབ་བགོ་བཤའ་རྒྱག་པའི་ཐད་བློ་ཕམ་ཆེན་པོ་བྱུང་ཞེས་བརྗོད་ཅིང་། ཁོང་གིས་ཟླ་3ཚེས་22ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཡོང་འབབ་མང་བའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་བརྒྱབ་པའི་གྲངས་འབོར་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཙོ་ཁྲིད་བྱས་པའི“ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ལག་བསྟར་འཆར་གཞིའི”རིམས་འགོག་སྨན་ཁབ་བརྒྱབ་པའི་གྲངས་འབོར་དབར་གྱི་ཧེ་བག་ཇེ་ཆེར་འགྲོ་གི་འདུག “ཛ་དྲག་གི་བྱེད་ཐབས་སྤྱད་དེ་རིམས་འགོག་སྨན་ཁབ་བགོ་བཤའ་དྲང་སྙོམས་མ་བྱས་ན། འཛམ་གླིང་འདི་ཉིད་གོད་ཆག་རང་བཞིན་གྱི་ཀུན་སྤྱོད་ཉམས་ཞན་གྱི་གནས་སུ་གྱར་རྒྱུ་ཡིན”ཞེས་བརྗོད་པ་རེད། ཁོང་གིས“རིམས་འགོག་སྨན་ཁབ་བགོ་བཤའ་དྲང་སྙོམས་མ་བྱུང་བ་ནི་ཀུན་སྤྱོད་ཐད་ཀྱི་སྐྱོན་ཆ་ཞིག་རེད་ལ། དཔལ་འབྱོར་དང་འགོས་ནད་རིག་པའི་ཐད་རང་གི་རྐང་ལག་རང་གིས་བསྡམས་པའི་བྱ་སྤྱོད་ཅིག་ཀྱང་རེད”ཅེས་བརྗོད་པ་རེད།

རིམས་འགོག་སྨན་ཁབ་ནི་མིའི་རིགས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་བའི་ཐབས་ལམ་ཡག་ཤོས་ཤིག་རེད། གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཁག་གིས་རིམས་འགོག་སྨན་ཁབ་གཅིག་རྗེས་གཉིས་མཐུད་ངང་ཞིབ་བཟོ་ཐུབ་པ་ནི་མི་སེམས་འགུལ་བ་ཞིག་ཡིན་མོད། འོན་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཞོགས་འདེགས་རྒྱ་ཁྱབ་བྱས་ཏེ། རིམས་འགོག་སྨན་ཁབ་གང་མང་བཟོ་བ་དང་འཛམ་གླིང་ས་གནས་ཁག་ལ་རྒྱ་ཁྱབ་དང་དྲང་སྙོམས་ངང་རིམས་འགོག་སྨན་ཁབ་སྤྱོད་ཐུབ་པའི་འགན་ལེན་བྱས་ཚེ། གོ་ལ་ཧྲིལ་པོའི་རིམས་འགོག་ལས་དོན་ལ་གཞི་ནས་མཐའ་མའི་རྒྱལ་ཁ་ཐོབ་སྲིད་པ་དང་གཞི་ནས་དཔལ་འབྱོར་སླར་གསོ་ངོ་མ་ཡོང་ཐུབ། དེར་བརྟེན་ངེས་པར་དུ་གུ་དོག་པའི“རིམས་འགོག་སྨན་ཁབ་མི་རིགས་རིང་ལུགས”གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས།

གོ་ལ་ཧྲིལ་པོའི་གནད་དོན་གྱི་མདུན་དུ་རྒྱལ་ཁབ་སུ་ཞིག་ཡིན་རུང་ཁེར་ཆགས་གླིང་ཕྲན་མིན། མིའི་རིགས་ཀྱིས་ཐུན་མོང་ཐོག་ཁ་གཏད་གཅོག་དགོས་པའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་གནད་དོན་དང་ཏོག་གསར་གློ་ཚད་རིམས་ནད་ལས་ཐོན་པའི་གནད་དོན་སྣ་ཚོགས་གོ་ལ་ཧྲིལ་པོས་ཐུན་མོང་ཐོག་ཁ་གཏད་བཅག་ནས་ཐག་གཅོད་བྱེད་དགོས་ལ། རྒྱལ་སྤྱིའི་སྤྱི་ཚོགས་ལའང“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི”གལ་ཆེའི་རང་བཞིན་དང་དོན་དངོས་ཀྱི་དོན་སྙིང་མྱོང་ཚོར་གཏིང་ཟབ་བྱུང་ཡོད། གོ་ལ་ཧྲིལ་པོའི་རིམས་འགོག་ལས་དོན་ཁྲོད་ཀྲུང་གོས་སྒེར་སེམས་མེད་པའི་རྒྱལ་སྤྱིའི་རིང་ལུགས་ཀྱི་སྙིང་སྟོབས་མངོན་པར་བྱས་པ་དེ་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད།

“རིམས་འགོག་སྨན་ཁབ་མི་རིགས་རིང་ལུགས”དེ་ཏོག་གསར་གློ་ཚད་རིམས་ནད་ཐོན་པའི་འོག་གི་ཕྱོགས་རྐྱང་རིང་ལུགས་ཀྱི་ངོ་བོ་གྱུར་པའི་རྣམ་པ་ཞིག་ཏུ་གྱུར་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེར་དོགས་ཟོན་ཆེན་པོ་བྱེད་དགོས། རྒྱུན་དུ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གླེང་མཁན་ནུབ་ཕྱོགས་ཀྱི“ཀུན་སྤྱོད་སྲུང་དམག”གམ་ཡང་ན་རྒྱལ་ཁབ་དེ་དག་གིས་སྔོན་ལ་རིམས་འགོག་སྨན་ཁབ་དྲང་སྙོམས་ངང་ཐོབ་རྒྱུ་འགོ་བཙུགས་ཏེ། གཞི་རྩའི་ཀུན་སྤྱོད་གཞི་ནས་མངོན་པར་བྱེད་དགོས་པ་དང་མི་ཚང་མར་རིམས་འགོག་སྨན་ཁབ་དྲང་སྙོམས་ངང་ཐོབ་པའི་བརྩོན་ལེན་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་དགོས།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་བསོད་བདེ་གཞོན་པས་ཞུས)