《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月31日

ནེ་པ་ལའི་ཙུང་ལི་ཀྲུང་གོས་ནེ་པ་ལར་རོགས་སྐྱོར་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་པ།

འདི་ནི་ཟླ་3ཚེས་29ཉིན་ཏོག་གསར་རིམས་འགོག་སྨན་ཁབ་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུའི་ཐེ་ལི་པུའུ་དབན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཀ་ཏ་མན་རྡུ་ནས་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་ཀྲུང་གོ་སྲིད་གཞུང་གིས་ནེ་པ་ལ་སྲིད་གཞུང་ལ་རོགས་སྐྱོར་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུའི་ཙུང་ལིའི་ལས་ཤག་ཏུ་འཚོགས་པ་རེད། ནེ་པ་ལའི་ཙུང་ལི་ཨའོ་ལི་དང་ཕྱི་འབྲེལ་པུའུ་ཀྲང་ཅཱ་ཝ་ལི་སོགས་སྲིད་དོན་མི་སྣ་གལ་ཆེན་ཞུགས་ཡོད།

ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧོའུ་ཡན་ཆིའི་ས་ནས་ཞལ་འདེབས་ལག་ཁྱེར་བླངས་རྗེས་ཙུང་ལི་ཨའོ་ལི་ཡིས་ནེ་པ་ལ་སྲིད་གཞུང་དང་ཁོང་རང་ཉིད་ཀྱི་མིང་ཐོག་ནས་ཀྲུང་གོ་སྲིད་གཞུང་གིས་ཕངས་སེམས་མེད་པར་ཞལ་འདེབས་བརྒྱབ་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཀྲུང་གོས་ཏོག་དབྱིབས་ནད་དུག་ལ་འགོག་རྒོལ་བྱེད་པའི་བྱེད་ཐབས་དང་འབད་བརྩོན་ནི་བསྔགས་བརྗོད་བྱེད་རིན་ཡོད་པ་ཞིག་རེད་ལ། ཀྲུང་གོའི་རིམས་འགོག་ཐད་ཀྱི་གྲུབ་འབྲས་དག་རྒྱལ་ཁབ་གཞན་དག་གིས་སློབ་སྦྱོང་བྱེད་རིན་ཡོད་པ་ཞིག་ཀྱང་རེད་ཅེས་བརྗོད།

ཧོའུ་ཡན་ཆི་ཡིས་ཁག་དེའི་རིམས་འགོག་སྨན་ཁབ་ཞལ་འདེབས་བརྒྱབ་པ་ནི་ཀྲུང་གོའི་རིམས་འགོག་སྨན་ཁབ་འདི་ཉིད་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སུ་གྱུར་པ་བྱ་རྒྱུའི་འབྲེལ་ཡོད་བརྗིད་ཆེའི་དམ་བཅའ་དོན་འཁྱོལ་བྱེད་པ་ཞིག་རེད་ལ། རྒྱལ་ཁབ་གཉིས་པོས་ལས་དབང་གཅིག་མཐུན་འདུས་གྲུབ་དང“སྐྱོན་བྲལ་གྱི་དར་གོས་ལམ་བུ”ཐུན་མོང་ཐོག་བཏོད་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཀྱང་རེད་ཅེས་བརྗོད།

འདི་ནི་ཀྲུང་གོའི་རིམས་འགོག་སྨན་ཁབ་གཞི་ཁྱོན་ཆེན་པོས་ནེ་པ་ལར་ཐོག་མར་སྤྲད་པ་ཞིག་རེད། ཀྲུང་གོ་སྲིད་གཞུང་གིས་ད་ཐེངས་ཞལ་འདེབས་བརྒྱབ་པ་ནི་རྒྱལ་སྨན་ཚོགས་པས་ཐོན་སྐྱེད་བྱས་པའི་རིམས་འགོག་སྨན་ཁབ་ཡིན་པས་ནེ་པ་ལ་སྲིད་གཞུང་གིས་གཙང་གླས་གནམ་གྲུ་བརྒྱུད་ཚེས་29ཉིན་གྱི་སྔ་དྲོ་གྲོང་ཁྱེར་ཀ་ཏ་མན་རྡུར་དབོར་བ་རེད།

(པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)