《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月15日

“ཚོགས་སྒྲིག་རྣམ་པའི”སྨན་བཅོས་ཤེས་ལྡན་པ་841བོད་དུ་སླེབས་ནས་བརྒྱུད་རོགས་ཁྲིད་གསུམ་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་རྗེས། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་ཡོད། མིག་སྔའི་བར་སྨན་བཅོས་ཤེས་ལྡན་པ་841བོད་དུ་སླེབས་ནས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་འཐོབ་པའི་རོགས་རམ་བྱས་ཡོད།

དེ་སྔའི“གཅིག་གཏད་གཅིག”གི་བོད་སྐྱོར་བྱེད་སྟངས་དང་མི་འདྲ་བར་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་གཅིག་སྡུད་སྒོ་ནས་ཆེད་ལས་ལག་རྩལ་ཤེས་ལྡན་པ་བོད་དུ་མངགས་ཏེ་ཕྱོགས་མང་པོའི་ཐད་ཀྱི་རོགས་སྐྱོར་དང་། ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་། བོད་ཀྱི་སྨན་བཅོས་ཀྱི་ཞན་ཆ་རྒྱུན་ཆད་མེད་པར་སེལ་བ་བཅས་བྱས་ཏེ་ས་མཐོའི་མང་ཚོགས་ལ་ཐོན་ཁུངས་དེ་བས་སྤུས་ལེགས་སྤྱོད་ཐུབ་པར་བྱས་པ་རེད།

སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལག་ལེན་བསྟར་བ་ནས་བཟུང་། སྨན་བཅོས་ཚོགས་པ་721གི་ཡུལ་དེ་གའི་སྨན་དོན་པ་2031ལ་རོགས་རམ་སྣེ་ཁྲིད་བྱས་པ་དང་སྨན་བཅོས་རྐང་འཛིན་པ་4000ཙམ་གསོ་སྐྱོང་བྱས་པ། རོགས་སྐྱོར་ཐོབ་པའི་སྨན་ཁང་གི་སྨན་པ་192ཀྱིས་རང་རྐྱ་འཕེར་བའི་སྒོ་ནས་གཤགས་བཅོས་གསར་པ་རིགས་གཅིག་ནས་གཉིས་བར་བྱེད་ཐུབ་པ་མ་ཟད། ནད་གཞི་ཆེ་རིགས་400ལྷག་ཙམ་བོད་རང་དུ་སྨན་བཅོས་ཐུབ་པ་དང་། “ནད་གཞི་འབྲིང་གྲས”མང་ཆེ་བ་གྲོང་ཁྱེར(ས་ཁུལ)རང་དུ་སྨན་བཅོས་ཐུབ་ཀྱི་ཡོད།

བོད་སྐྱོར་སྨན་པ་སླེབས་པ་ལས་བོད་ཀྱི་སྨན་ཁང་གི་ཚན་རིག་ཞིབ་འཇུག་གི་ཆུ་ཚད་ཀྱང་མཐོ་རུ་ཤུགས་ཆེན་ཕྱིན་ཡོད། གྲངས་གཞི་ལས་མངོན་གསལ། ནང་སའི་སྨན་ཁང་གིས“སྨན་ཁང་གིས་ཚན་ཁག་འགན་གཙང”ལེན་པའི་བྱེད་ཐབས་བརྒྱུད་དེ། ནང་སའི་སྔོན་ཐོན་ཉམས་མྱོང་དང་ལག་རྩལ་གྱི་གྲུབ་འབྲས་ཁག་1061ཐད་ཀར་སྤྱད་པ་དང་། ལག་རྩལ་གྱི་དཀའ་གནད་ཁག་1305ཐུན་མོང་ཐོག་འགག་སྒྲོལ་བྱས་པ་ལས་ས་ཁོངས་ནང་གི་སྨན་བཅོས་ལག་རྩལ་གྱི་སྟོང་ཆ་ཁག་1541གསབ་ཐུབ་ཡོད།

“བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་སྔོན་ཐོན་ལག་རྩལ་དང་དོ་དམ་གྱི་འདུ་ཤེས་བསླབས་པས་བོད་ཀྱི་སྨན་བཅོས་ཀྱི་སྟོང་ཆ་མང་པོ་ཞིག་གསབ་སྟེ། ས་གནས་དེ་རང་ལ་གནས་ཐུབ་པ་དང་གཞིས་ཆགས་ཐུབ་པའི་སྨན་བཅོས་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱས་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་ཝན་ཏའེ་ཤིས་ཀྱིས་བཤད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། བསྟན་འཛིན་བློ་གྲོས་ཀྱིས་ཞུས)