《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月15日

དབུལ་སྒྲོལ་འགག་སྒྲོལ་དབུལ་པོའི་ཞྭ་མོ་ཕུད། སེམས་ནུས་གཅིག་སྒྲིལ་འབྱོར་འབྲིང་ཕྱོགས་སུ་བསྐྱོད།

2020ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་མཇུག་བསྡུའི་ལོ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རེད། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་གོང་འོག་སེམས་མཐུན་དང་མཉམ་དུ་འགག་སྒྲོལ་བྱས་ཏེ་འབད་འབུངས་ཡར་བརྩོན་བྱེད་རིང་བློ་ཡིད་ཚིམ་པའི་རྒྱུགས་ལན་ཕུལ་ཡོད། 2015ལོའི་ལོ་མཇུག་ཏུ་ནག་ཆུ་གྲོང་ཁྱེར་གྱིས་དུད་ཚང་དབུལ་པོ་26718ཀྱི་མི་102402དབྱེ་འབྱེད་བྱས་ནས་ཡིག་ཚགས་དང་གཱ་བཟོས་པ་དང་དབུལ་པོ་ཐོན་ཚད་22.7%ཟིན་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན་ནག་ཆུ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་ཤུགས་འདོན་དང་། གནད་སྨིན་ཇུས་བསྟར། གཅིག་སྡུད་འགག་སྒྲོལ་བཅས་མཐའ་འཁྱོངས་བྱས་པས་ལོ་ལྔའི་རིང་རིམ་རྩིས་བྱས་ན་དུད་ཚང་31907གྱི་མི་137033དབུལ་གྲོལ་བྱུང་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཚང་མ་དབུལ་གྲོལ་བྱུང་བ། གྲོང་ཚོ་དབུལ་པོ(གྲོང་ལྷན)1173ཚང་མ་དབུལ་གྲོལ་བྱུང་བ། རྫོང(ཆུས)11ཚང་མའི་དབུལ་ཞྭ་ཕུད་ཡོད།

སྤྱི་ཚོགས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ།

“ང་ཚོར་ཡོང་འབབ་བརྟན་པོ་བྱུང་བ་ནི་སྙན་རོང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་དང་ཁ་འབྲལ་ཐབས་མེད”ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཤག་ཆུ་ཤང་འཁྱིལ་ཆེན་གཞུང་གྲོང་ཚོའི་ཡུལ་མི་སྐྱིད་དགས་གསར་འགོད་པར། འཁྱིལ་ཆེན་གཞུང་གྲོང་ཚོར་གསོ་ཚགས་ར་བ་བསྐྲུན་མོད། འོན་ཀྱང་མང་ཚོགས་ལ་ཆེད་ལས་ཀྱི་ལག་རྩལ་མེད་པར་བརྟེན་གསོ་ཚགས་ར་བ་འཕེལ་རྒྱས་གཏོང་ཐབས་བྲལ་བས། གྲོང་སྡོད་ལས་དོན་རུ་ཁག་གིས་ཆེད་ལས་མི་སྣ་གདན་དྲངས་ཏེ་གསོ་ཚགས་ར་བའི་མི་སྣར་གསོ་ཚགས་ལག་རྩལ་གསོ་སྦྱོང་བྱས་ནས་འཕེལ་རྒྱས་ཀྱི་ལམ་བུ་འཆར་འགོད་བྱས་པ་དང་། གསོ་ཚགས་ར་བས་དུད་ཚང་དབུལ་པོའི་ཁྱིམ་ནས་འབྲི་གཡག་ཉོས་ཏེ་གསོ་ཚགས་ལ་མཛུབ་ཁྲིད་བྱས་པས་གསོ་ཚགས་ར་བ་དེ་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ལམ་གཙོ་བོར་གྱུར་ཡོད་ཅེས་བཤད།

གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་དུ་ཁྱབ་ཁོངས་ཁག་ཏུ་ཡོད་པའི་སྤྱི་ཚོགས་རྩ་འཛུགས་དང་། གཅེས་སེམས་ཁེ་ལས། མི་སྒེར་བཅས་ཀྱིས་ནག་ཆུ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་དུ་མཉམ་ཤུགས་ཆེན་པོ་ཆགས་པར་བྱས་ཏེ་གྲོང་ཚོ་དབུལ་པོ་དང་དུད་ཚང་དབུལ་པོའི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བར་རོགས་རམ་དང་། འཚོ་བའི་གོམས་གཤིས་སྒྱུར་བ། རིག་ནུས་རོགས་སྐྱོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་ལ་གསོན་ཤུགས་ཆེན་པོ་སྦྱིན་ཡོད། འདི་ལོ་ཚུན་དུ་ཚན་པ་ཁག་གི་གྲོང་སྡོད་ལས་དོན་རུ་ཁག་གིས་སྲིད་ཇུས་སྒྲོག་འགྲེལ་ཐེངས་ཁྲི་2.7བྱས་པས་མང་ཚོགས་མི་ཐེངས་ཁྲི་65ཙམ་ལ་སློབ་གསོ་ཐེབས་པ་དང་། ཁོངས་གཏོགས་སྡེ་ཚན་ཁག་དང་མཉམ་འབྲེལ་བྱས་ཏེ་མང་ཚོགས་དབུལ་པོ་སྒྲིག་འཛུགས་བྱས་ནས་རྩལ་ནུས་གསོ་སྦྱོང་ཐེངས་963བྱས་པ། མང་ཚོགས་དབུལ་པོ་9000ལས་ཞུགས་གཞན་སྒྱུར་བྱས་པར་ཡོང་འབབ་སྒོར་ཁྲི་3084.48བྱུང་ཡོད། བྱེད་ཐབས་སྣ་ཚོགས་སྤྱད་དེ་དབུལ་སྒྲོལ་རྣམ་གྲངས་109དང་མ་དངུལ་སྒོར་ཁྲི་1211བརྩོན་ལེན་བྱས་ཡོད། “ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་རམ”བྱེད་པའི་གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ལ་ས་གནས་ཀྱི་དམངས་གཉེར་ཁེ་ལས་32ཀྱིས་ནད་ལྟ་སྨན་སྐྱེལ་དང་འཛད་སྤྱོད་དབུལ་སྐྱོར་སོགས་བྱེད་ཐབས་སྤྱད་ནས་མ་དངུལ་སྒོར་ཁྲི་52རི་བའི་དངོས་པོ་སྤྲད་པ་རེད། ཁ་གཏད་བོད་སྐྱོར་དབུལ་སྐྱོར་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་ཞིང་། འདི་ལོ་ནག་ཆུ་གྲོང་ཁྱེར་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཀྱི་དགོས་མཁོ་དང་དེ་བཞིན་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་དང་། ཐོན་ལས་དར་པོ་མེད་པ། ཁྲོམ་ར་འཕེལ་རྒྱས་དང་སྐྱེད་སྲིང་ཞན་པ་སོགས་ཀྱི་དཀའ་གནད་ལ་དམིགས་ནས་ཞིང་ཆེན་གཉིས་དང་ཀྲུང་དབྱང་གི་ཁེ་ལས་ཆེ་གྲས་ལྔ་ཡི་འཆར་གཞིར་མ་ཚུད་པའི་རྣམ་གྲངས་43འབྲེལ་མཐུད་བྱས་ཡོད།

བདེ་སྡོད་ལས་བརྩོན་ལ་སྣང་ཆེན་གྱིས་དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་བཏང་བ།

ཉེ་ཆར། གསར་འགོད་པ་སྦྲ་ཆེན་རྫོང་གི་གཅིག་སྡུད་གནས་སྤོ་བཀོད་སྒྲིག་བྱ་ཡུལ་གྱི་ལྷག་རྒྱལ་ཁྱིམ་དུ་སྐྱོད་སྐབས། ཐོག་སོ་ཉིས་ལྡན་གྱི་སྒོ་རྭ་ཡོད་པའི་བོད་ཁང་གི་བཀོད་པ་གཙང་ཞིང་། ལྷག་རྒྱལ་ནང་མི་དང་མཉམ་དུ་ལྕགས་ཐབ་འགྲམ་གྱི་ཧྲ་ཧྥ་སྟེང་བརྙན་འཕྲིན་ལྟ་བཞིན་འདུག

“དེ་སྔོན་ང་ཚོ་ནང་མི་7པོ་སྨི་ངོས་གྲུ་40ལས་མེད་ལ་ཆར་རླུང་མི་ཚོགས་པའི་ས་ཕག་ཁང་པ་གོག་ཧྲུལ་དུ་སྡོད་ཀྱི་ཡོད། ད་ཆ་དངུལ་སྐར་ལི་གཅིག་ཀྱང་གཏོང་མི་དགོས་པར་ཡངས་ཤིང་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པ་གསར་པར་སྡོད་ཀྱི་ཡོད། གལ་ཏེ་ཏང་དང་སྲིད་གཞུང་གི་རོགས་རམ་མེད་ན་ང་མི་ཚེ་འདིར་འཚོ་བ་སྐྱིད་པོ་འདི་འདྲ་སྐྱེལ་མི་ཐུབ། ཁང་པ་རྫོང་གྲོང་གི་ཉེ་འགྲམ་དུ་ཡོད་པ་དང་སྣུམ་ནག་གཞུང་ལམ་སྒོ་རྩར་བཏིང་བས་ཕྱིར་སྐྱོད་སྐབས་སྟབས་བདེ་པོ་འདུག་ལ་སྨན་བཅོས་དང་། མཁོ་ཆས་ཉོ་བ། ཕྲུ་གུ་སློབ་གྲྭར་སྐྱོད་པ་ལ་སོགས་འཚོ་བའི་གང་ས་ཅི་ཐད་ལའང་སེམས་ཁྲལ་གང་ཡང་མི་འདུག”ཅེས་ལྷག་རྒྱལ་གྱིས་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་གྱིན་བཤད།

ལྷག་རྒྱལ་གྱི་ཁྱིམ་ལ་བྱུང་བའི་འགྱུར་ལྡོག་ནི་ནག་ཆུ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་བསྡུས་རིས་ཙམ་ཞིག་རེད།

ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་ཆེད། ནག་ཆུ་གྲོང་ཁྱེར་གྱིས་འདི་ལོ་མ་དངུལ་སྒོར་དུང་ཕྱུར་3.27བཏང་སྟེ་གཅིག་སྡུད་གནས་སྤོ་བཀོད་སྒྲིག་བྱ་ཡུལ་དུ་ཆུ་དང་། གློག ལམ། གད་སྙིགས་དབྱུག་ས། གསང་སྤྱོད། ལམ་སྒྲོན། ཆུ་འབུད་སོགས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་བསྐྲུན་ཏེ། གནས་སྤོས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་བསྐངས་པ་དང་། ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱི་ཆུ་བེད་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ཁྲི་3487.76དོན་འཁྱོལ་བྱས་ཏེ་གྲོང་གསེབ་ཀྱི་འཐུང་ཆུའི་ལས་གྲྭའི་ཆེད་ལས་ཉམས་བཟོར་སྤྱད་ཡོད། གཅིག་སྡུད་གནས་སྤོ་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ལ་ཐོན་ལས་ཁྱབ་པར་བྱས་ཏེ། ངལ་རྩོལ་ནུས་ཤུགས་ཡོད་པའི་གནས་སྤོས་མང་ཚོགས་ས་གནས་དེ་གའི་སྤྱི་པའི་ལས་ཞུགས་ཞབས་ཞུའི་མ་ལག་ཏུ་བཅུག་པ་དང་། གྲོང་ཁྱེར་ཡོངས་སུ་ལས་ཞུགས་ནུས་པ་ལྡན་པའི་གནས་སྤོས་ཁྱིམ་ཚང་1ནས་ཉུང་མཐར་ཡང་མི་1ལས་ཞུགས་ཐུབ་པར་བྱས་པ། 2020ལོ་ཚུན་གནས་སྤོས་མང་ཚོགས་ལ་ཐོན་ལས་ཀྱི་ཐོབ་ཆ་སྒོར་ཁྲི་7319རག་པ་དང་མི་9587ལས་ཞུགས་གཞན་སྒྱུར་ཐུབ་ཡོད།

ཐོན་ལས་དབུལ་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ལེགས་ནུས་ཆེར་སྐུལ་འདེད་བཏང་བ།

ཐོན་ལས་དབུལ་སྐྱོར་ནི་མི་འབོར་དབུལ་པོར་འབབ་འཕར་དང་དམིགས་ཚད་མངོན་འགྱུར་མགྱོགས་ཙམ་ཡོང་བར་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན་ལ་ཡུན་རིང་གི་དབུལ་སྒྲོལ་གྲུབ་འབྲས་བརྟན་དུ་གཏོང་བའི་རྩ་བའི་བྱེད་ཐབས་ཤིག་ཀྱང་རེད། ནག་ཆུ་གྲོང་ཁྱེར་གྱིས་ཐོན་ལས་དབུལ་སྐྱོར་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་མཉམ་འདྲེས་བྱ་གཞི་ཆེ་ཤོས་དང་འགག་གནད་ཅིག་ཏུ་བརྩི་བ་དང་ཐོན་ལས་དར་བར་བྱེད་པ་འཕེལ་རྒྱས་ཀྱི་དམིགས་ཚད་དུ་བརྩིས་ཏེ། “སྣེ་གཉིས་ལ་དམ་འཛིན་དང་བར་བརྒྱུད་ལ་སྐུལ་འདེད་གཏོང་བའི”འབྲོག་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་། ཡུལ་བབ་དང་བསྟུན་ཏེ་ནག་ཆུ་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས“མྱུར་འབྲིང་འགོར”གྱི་ཐོན་ལས་དང་ཟུང་འབྲེལ་ནུས་ལྡན་ཐུབ་པར་བྱས་ཡོད།

ཚད་ལྡན་ཅན་གྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། 《ཚད་ལྡན་ཅན་གྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཛུགས་སྐྲུན་བྱེད་རྒྱུའི་སྐོར་གྱི་ནག་ཆུ་གྲོང་ཁྱེར་གྱི་ལག་བསྟར་བསམ་འཆར》བཟོས་ཏེ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སྔར་བས་ཚད་ལྡན་དང་གོང་མཐོར་བཏང་བ་དང་། མིག་སྔར་གྲོང་ཁྱེར་ཡོངས་ཀྱིས་རིགས་ཁག་གི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང1540འཕེལ་རྒྱས་བཏང་བའི་ཁྲོད་རྒྱལ་ཁབ་ཀྱི་དཔེ་སྟོན་ཁང་18དང་། རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་ཁང་32 “གྲོང་ཚོ་གཅིག་ལ་མཉམ་ལས་ཁང་གཅིག”860བཅས་ཡོད་པ་དང་། མང་ཚོགས་ཁྲི་32.29ལ་ཁྱབ་འགྱེད་སྐུལ་ཁྲིད་བྱས་པས་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་ཁྱོན་ཡོངས་ལ་ཁྱབ་ཡོད།

བློ་སྐྱོར་དང་རིག་སྐྱོར་མཐའ་འཁྱོངས་བྱས་ནས་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་པ།

“ད་ཐེངས་ཀྱི་ལས་ཞུགས་གོང་གི་གསོ་སྦྱོང་ལ་རྒན་ལགས་ཚོས་རིགས་པའི་གཞུང་ལུགས་སློབ་ཁྲིད་དང་། ས་གནས་ས་ཐོག་ཏུ་ལྟ་སྦྱོང་། དངོས་སུ་བཀོལ་སྤྱོད་སོགས་ཀྱི་བྱེད་ཐབས་བརྒྱུད། ཕྱོགས་ཡོངས་དང་རྣམ་པ་མང་པོར་བརྟེན་ནས་སློབ་ཚན་ཁྲིད་དེ་ངའི་ནོར་འཁྲུལ་ཁག་གཅིག་ཡོ་བསྲང་གནང་བ་དང་སྤྱོད་གོ་ཆོད་པའི་རྩལ་ནུས་མང་པོ་ཞིག་ཤེས་བྱུང”གྲོང་གསེབ་ཀྱི་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་ངལ་ནུས་ལྷག་མའི་བྱང་ཚད་མཐོ་རུ་གཏོང་བ་དང་། དུད་ཚང་དབུལ་པོའི་མཐོང་རྒྱ་ཆེ་རུ་གཏོང་བར་ཁྲིད་སྟོན། རྩལ་ནུས་མཐོ་རུ་གཏོང་བ་བཅས་བྱ་ཆེད། ཉེ་དུས་སོག་རྫོང་དཀར་སྨད་ཤང་ཅུན་པ་ཨར་ལས་ཚད་ཡོད་ཀུང་སིས་ཆེད་ལས་འཆད་ཁྲིད་པ་གདན་དྲངས་ཏེ་གྲོང་མི་50ལྷག་ཙམ་ལ་དུས་ཡུན་ཉིན་བཅུ་ཡི་རྩལ་ནུས་གསོ་སྦྱོང་བྱས་པ་རེད།

“ཉ་ཤ་སྟེར་བ་ལས་ཉ་འཛིན་སྟངས་བསླབས་ན་དགའ”ནག་ཆུ་གྲོང་ཁྱེར་གྱིས་མང་ཚོགས་དབུལ་པོར་རྩལ་ནུས་སློབ་པ་དང་རྩལ་ནུས་གསོ་སྦྱོང་བྱེད་པ་དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་ཐབས་གལ་ཆེན་ཞིག་ལ་མཐའ་འཁྱོངས་བརྩིས་ཏེ། འདི་ལོ་ཚུན་དུ་གྲོང་ཁྱེར་ཡོངས་སུ་ཡིག་ཚགས་དང་གཱ་བཟོས་པའི་མི་4619ལ་རྩལ་ནུས་གསོ་སྦྱོང་བྱས་ཡོད།

ལས་ཞུགས་དབུལ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་2020ལོར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་གི་ངལ་ནུས་ཀྱི“མཛོད་གཅིག་དེབ་དྲུག”གི་གྲངས་གཞི་གསར་བརྗེས་བྱས་ནས“གཅིག་རེ་དྲུག”གི་ལས་ཞུགས་བྱེད་ཐབས་ལག་བསྟར་གཏིང་ཟབ་བྱས་ཤིང་། འདི་ལོ་ཚུན་དུ་གྲོང་ཁྱེར་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་གི་མི་31062ལས་ཞུགས་གཞན་སྒྱུར་བྱས་པར་འབབ་འཕར་སྒོར་ཁྲི་37360.32བྱུང་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པ་5524གྲོང་ཁྱེར་ལས་བརྒལ་ནས་ལས་ཞུགས་ཐུབ་པ་དང་མི་417ཞིང་ཆེན་ལས་བརྒལ་ནས་ལས་ཞུགས་ཐུབ་སྟེ་ལྗོངས་ཡོངས་སུ་ཞིང་འབྲོག་པ་ཞིང་ཆེན་དང་གྲོང་ཁྱེར་ལས་བརྒལ་བའི་ལས་ཞུགས་སྔོན་ལ་ཐུབ་ཡོད།

(པ་སངས་དང་། བདེ་དབང་། པ་ཕན། སྐལ་མཆོག་བཅས་ཀྱིས་སྒྱུར་ཞུས་བྱས)