《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月15日

ཕྱི་འབྲེལ་པུའི་ཤང་ཀང་དུ་བཅའ་སྡོད་སྤྱི་ཁྱབ་ཀུང་ཧྲུའུ་ཡིས་བསྟན་དོན།

ཤང་ཀང་གི་ལས་དོན་ལ་ཐེ་ཇུས་བྱེད་པའི་བྱེད་སྤྱོད་གང་རུང་ཚང་མ་ནི་ཉིན་མོའི་རྨི་ལམ་རང་རེད།

ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་ཟླ་3ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཉུང་ཤས་ཀྱིས་ཁེར་རྐྱང་ངམ་ཡང་ན་མཉམ་འབྲེལ་གྱིས་གསལ་བསྒྲགས་ཟེར་བ་སྤེལ་ཏེ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་གཏན་འབེབས་བྱས་པར་དམའ་འབེབས་བཏང་ནས། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་རྡོག་རོལ་བཏང་བ་དང་། ཤང་ཀང་གི་གནད་དོན་དང་ཀྲུང་གོའི་ནང་སྲིད་ལ་དམར་དམར་རྗེན་རྗེན་གྱིས་ཐེ་ཇུས་བྱས་པར་དམིགས་ཏེ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་ཕྱི་འབྲེལ་པུའི་ཆེད་མངག་པ་ཀུང་ཧྲུའི་མགྲིན་ཚབ་པས་ཚེས་13ཉིན་མི་འདོད་པའི་རྣམ་འགྱུར་དྲག་པོ་བསྟན་པ་དང་འབྲེལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

མགྲིན་ཚབ་པས་བསྟན་དོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཐོག་འབྲེལ་ཡོད་གཏན་འབེབས་ལ་འདེམས་ཤོག་མང་པོ་ཐོབ་ནས་གྲོས་འཆམ་བྱུང་བ་དེ་ཐོག་ནས། སྤུན་ཟླ་ཤང་ཀང་བ་ཚུད་པའི་ཀྲུང་གོ་མི་དམངས་ཡོངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པ་དང་ཤང་ཀང་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བར་བྱེད་པའི་ཆོད་སེམས་དང་ཡིད་ཆེས་ཀྱི་བསམ་པ་མཚོན་གྱི་ཡོད། དེ་ནི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་ཀྱི་མི་འདེང་བའི་ཆ་གསབ་པ་དང་། “རྒྱལ་གཅེས་པས་ཤང་ཀང་བཅོས་སྐྱོང”གི་རྩ་བའི་རྩ་དོན་དོན་འཁྱོལ་བྱེད་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཆབ་སྲིད་བརྟན་ལྷིང་དང་སྲིད་དབང་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་རྩ་བཅོས་བྱེད་ཐབས་ཤིག་ཡིན་ལ། ཤང་ཀང་གི་དོན་དངོས་གནས་ཚུལ་དང་མཐུན་པ་དང་ཤང་ཀང་གི་ཁྱད་ཆོས་ལྡན་པའི་དམངས་གཙོའི་ལམ་ལུགས་རིམ་བཞིན་འཕེལ་རྒྱས་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། སྲིད་གཞུང་གི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ། ཤང་ཀང་སྤྱི་ཡོངས་ཀྱི་ཁེ་ཕན་དང་ཤང་ཀང་བའི་བདེ་སྐྱིད་འཚོ་བར་སྲུང་སྐྱོང་བྱེད་པ་བཅས་ཀྱི་རིང་འགྲིམ་དགོས་ངེས་ཀྱི་ལམ་བུ་ཞིག་ཀྱང་ཡིན། དེར་ཆབ་སྲིད་དང་ཁྲིམས་སྐྱོང་གི་རྨང་གཞི་ལྡན་པས་ཇུས་གཏོགས་ཡེ་ནས་བྱས་མི་ཆོག ཉིན་ཤས་བསྟུད་མའི་རིང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་གཏན་འབེབས་ལ་བརྩི་སྲུང་དང་རྒྱབ་སྐྱོར་ཞུ་རྒྱུའི་རྣམ་འགྱུར་གཅིག་རྗེས་གཉིས་མཐུད་ངང་བསྟན་པ་དེ་ཐོག་ནས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་ནི་དམངས་ཀྱི་སེམས་ལ་ཟུག་པ་དང་། ཀུན་གྱི་བློ་ལ་བབས་པ། དུས་ཀྱི་འཕེལ་ཕྱོགས་དང་མཐུན་པ། བཀག་འགོག་བྱེད་ཐབས་བྲལ་བ་བཅས་ཡིན་པའི་གསལ་བཤད་གང་ལེགས་ཐུབ་ཀྱི་ཡོད།

མགྲིན་ཚབ་པས་ནན་བཤད་བྱས་དོན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་ནི། དམངས་གཙོ་དང་རང་དབང་དགོས་མིན་གྱི་གནད་དོན་ཞིག་གཏན་ནས་མིན་པར། དབང་ཆ་འཕྲོག་པ་དང་དབང་ཆ་འཕྲོག་པར་ངོ་རྒོལ་དང་། རྩ་སློག་དང་རྩ་སློག་ལ་ངོ་རྒོལ། སིམ་འཛུལ་དང་སིམ་འཛུལ་ལ་ངོ་རྒོལ་བཅས་ཀྱི་རྩོད་གླེང་ཞིག་རེད། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཉུང་ཤས་ཀྱིས“དམངས་གཙོ”དང“རང་དབང”ལ་ཁ་གཡར་ཏེ་ཤང་ཀང་གི་ལས་དོན་ལ་ཇུས་མེད་ཇུས་གཏོགས་བྱེད་ཅིང་། ཁོང་ཚོས་གསལ་བསྒྲགས་དང་སྙན་ཞུ་སོགས་ཟེར་བ་སྤེལ་ནས་གཞི་རྩའི་དོན་དངོས་དང་རྒྱབ་འགལ་བྱས་པ་དང་། དཀར་ནག་ཕྱིན་ཅི་བསླགས་པ། ཚད་གཞི་གཉིས་བཟུང་བ་བཅས་བྱས་དོན་ནི། ཀྲུང་གོར་ངོ་རྒོལ་གྱིས་ཤང་ཀང་ཟང་ཟིང་བཟོ་མཁན་འགེབས་སྲུང་བྱེད་པ་དང་རྒྱ་ཡན་དུ་གཏོང་བའི་ཆེད་དུ་རེད། བྱེད་སྤྱོད་དེ་ཐོག་ནས་ཤང་ཀང་ཡག་པོ་བྱུང་བ་མཐོང་འདོད་མེད་པ་དང་། ཤང་ཀང་བཅོས་སྐྱོང་ཡག་པོ་བྱུང་འདོད་མེད་པ། ཤང་ཀང་ལ་བརྟེན་ནས་ཀྲུང་གོའི་འཕེལ་རྒྱས་ལ་བཀག་འགོག་བྱེད་པ་བཅས་ཀྱི་ཁོང་ཚོའི་མ་རུང་ཁོག་བཅངས་དང་ཁྲེལ་མེད་གཡོ་ཐབས་དམར་རྗེན་དུ་མངོན་གྱི་ཡོད།

མགྲིན་ཚབ་པས་ཤང་ཀང་ནི་ཀྲུང་གོའི་ཤང་ཀང་ཡིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་ནི་ཀྲུང་གོའི་ནང་སྲིད་ཅིག་ཡིན་པ་སྨོས་ཅི་དགོས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱེད་པའི་ཀྲུང་གོའི་ཆོད་སེམས་དང་ཕྱི་རོལ་ཕྱོགས་གཏོགས་ཀྱིས་ཤང་ཀང་གི་ལས་དོན་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱེད་པའི་ཀྲུང་གོའི་ཆོད་སེམས་ནི་རྡོ་རྗེ་བྲག་ལྟར་བརྟན་པོ་ཡོད། ང་ཚོས་ཕྱི་རོལ་ཕྱོགས་གཏོགས་ལ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་རྩ་བའི་ཚད་གཞིར་བརྩི་སྲུང་ཞུས་ཏེ། ཤང་ཀང་གི་ལས་དོན་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཕྲལ་མར་འཇོག་དགོས་ཞེས་ནན་ཏན་གྱིས་བརྗོད་རྒྱུ་ཡིན་ཞེས་བསྐྱར་བསྒྲགས་གནང་བ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་བསོད་བདེ་གཞོན་པས་ཞུས)