《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月15日

ཝུའུ་ཧན་སློབ་ཆེན་གྱིས་རིམས་འགོག་སྨན་དོན་མི་སྣ་མེ་ཏོག་ཡིང་ཧྭ་ཡི་མཛེས་ལྗོངས་ལ་ལྟ་བར་གདན་དྲངས་པ།

ས་གཞི་ཆེ་མོར་དཔྱིད་ཀྱི་དཔལ་ཡོན་བཞད། མེ་ཏོག་ཡིང་ཧྭའི་འདབ་བརྒྱ་ལྷུག་པོར་གྲོལ། ཕྱོགས་བཞིའི་རིམས་འགོག་དཔའ་བོ་ལྷན་དུ་འཛོམས། ཚེས་13ཉིན་ཝུའུ་ཧན་སློབ་ཆེན་གྱིས་ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་དོན་མི་སྣ་མེ་ཏོག་ཡིང་ཧྭ་ཡི་མཛེས་ལྗོངས་ལ་ལྟ་བའི་ཆེད་དོན་མཛད་སྒོ་གཉེར་ཞིང་། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་ཝུའུ་ཧན་ལ་རོགས་སྐྱོར་བྱེད་མཁན་རིམས་འགོག་སྨན་དོན་མི་སྣ་དང་ནང་མི་ཁྲི་1.2ཙམ་དུས་ཆད་ལྟར་མེ་ཏོག་ཡིང་ཧྭ་ཡི་མཛེས་ལྗོངས་ལ་ལྟ་བར་སླེབས་ཡོད།

“ལུའོ་ཅ་རི་བོའི་ཡུལ་ལྗོངས་མཛེས་ཤོས་སྐབས་སུ་ང་ཚོས་སྐུ་མགྲོན་གཙོ་ཆེ་ཤོས་ཚོར་བསུ་བ་ཞུས”ཝུའུ་ཧན་སློབ་ཆེན་གྱི་སློབ་སྤྱི་ཏུའོ་ཞན་ཁང་གིས་དགའ་བསུ་ཞུ་བའི་མཛད་སྒོའི་ཐོག་ན་ནིང་རྒྱལ་ཡོངས་མི་དམངས་ཀྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཀུན་སེམས་གཅིག་སྒྲིལ་གྱིས་རིམས་ནད་འགོག་པའི་རྣམ་པ་མིག་ལམ་དུ་གསལ་ལྷམ་མེར་འཆར་གྱི་འདུག ཝུའུ་ཧན་སློབ་ཆེན་གྱིས་ན་ནིང་བཞག་པའི་བརྗིད་ཆེའི་ཁས་ལེན་ཏེ། མེ་ཏོག་ཡིང་ཧྭ་རབ་ཏུ་བཞད་པའི་དུས་སུ་ཝུའུ་ཧན་ལ་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གི་རུ་མི་དང་ནང་མི་ཝུའུ་ཧན་དུ་མེ་ཏོག་ཡིང་ཧྭ་ཡི་མཛེས་ལྗོངས་ལ་ལྟ་བར་གདན་འདྲེན་རྒྱུའི་ཁས་ལེན་དེ་བརྗེད་ག་ལ་སྲིད་ཅེས་སེམས་འགུལ་ཐེབས་བཞིན་བརྗོད།

ད་ཐེངས་ཝུའུ་ཧན་སློབ་ཆེན་གྱིས་གུས་ལུགས་ཞུ་སེམས་ཆེ་ཤོས་ཐོག་ནས་སྨན་དོན་མི་སྣ་མེ་ཏོག་ཡིང་ཧྭ་ཡི་མཛེས་ལྗོངས་ལ་ལྟ་བའི་ཆེད་དོན་མཛད་སྒོ་གཉེར་ཡོད།“རིམས་འགོག་དཔའ་བོར་གུས་འདུད་ཞུ”ཞེས་སྒོ་མོ་གཞུ་དབྱིབས་ཅན་གྱི་མཐོ་སར་བྲིས་ཡོད་པ་མ་ཟད། ས་གདན་དམར་པོ་ཡང་བཏིངས་ཡོད། དང་བླངས་པའི་སྣེ་ཁྲིད་འོག་རིམས་འགོག་དཔའ་བོ་ཚོས་སྒོ་མོ་གཞུ་དབྱིབས་ཅན་བརྒྱུད་ས་གདན་དམར་པོའི་ཐོག་བསྐྱོད་ནས་མིང་འགོད་གྱང་དུ་སྨོན་འདུན་བཟང་པོ་བྲིས།

“ང་གཉེན་སྒྲིག་དུས་སུའང་ས་གདན་དམར་པོའི་ཐོག་བསྐྱོད་མྱོང་མེད། ཝུའུ་ཧན་སློབ་ཆེན་གྱིས་ང་ཚོར་བརྩི་མཐོང་ཆེན་པོ་དེ་འདྲ་གནང་འདུག”ཅེས་ལེ་ཧྲེན་ཧྲན་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཏ་ལན་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་ཡོན་ཀྲང་གཞོན་པ་ཧྲང་ཏུང་གིས་དེ་ལྟར་བརྗོད། ཧྲང་ཏུང་གིས་དྲན་གསོ་བྱེད་སྐབས། རིམས་འགོག་རིང་ལེའོ་ཉིང་སྨན་བཅོས་རུ་ཁག་གི་སྨན་དོན་མི་སྣ་ཆིག་སྟོང་ཙམ་ཝུའུ་ཧན་དུ་ཡོང་སྐབས། ཐ་ན་མི་ཁག་གཅིག་གིས“ཡོད་ཚད་ལེགས་སྐྱེས་འབུལ་རྒྱུའི”བསམ་བློའི་གྲ་སྒྲིག་ཀྱང་བྱས་ཟིན། “ད་རེས་ང་ཚོ་སླར་ཡང་ཝུའུ་ཧན་དུ་འཛོམས་དུས་སེམས་ནང་སྨྲ་མི་ཤེས་པའི་དགའ་བ་ཞིག་འདུག ‘འཐབ་གྲོགས་ཚོ’ལུའོ་ཅ་རི་བོར་སྐྱིད་སྡུག་མཉམ་མྱོང་བྱས་པའི་ལོ་ཟླར་མཉམ་དུ་ཕྱིར་དྲན་བྱེད་དུས་དངོས་འབྲེལ་སེམས་འགུལ་ཆེན་པོ་ཐེབས་འོས་པ་ཞིག་འདུག”ཅེས་བརྗོད།

ཝུའུ་ཧན་སློབ་ཆེན་གྱི་དགེ་སློབ་དང་བླངས་པ་ཚོས་མེ་ཏོག་ཡིང་ཧྭ་ཡི་མཛེས་ལྗོངས་ལ་ལྟ་བའི་ཆེད་དོན་མཛད་སྒོ་འདི་གཉེར་ཆེད་མིང་ཐོ་འཚང་ཁ་ཤིག་ཤིག་ངང་སྤོས་ཡོད། ཝུའུ་ཧན་སློབ་ཆེན་གྱིས་མིང་ཐོ་འགོད་མཁན་1500ལྷག་ཙམ་ཁྲོད་ནས་ཁག་དང་པོར་དགེ་རྒན་ལས་བཟོ་81དང་སློབ་མ་600བདམས་ནས་དང་བླངས་ཞབས་ཞུའི་ནང་ཞུགས་སུ་བཅུག་ཡོད། དང་བླངས་པ་ཚོས་རིམས་འགོག་དཔའ་བོ་ཚོར་ཆེད་མིས་སྣེ་ལེན་ཞབས་འདེགས་ཞུ་བ་མ་ཟད། མཛེས་ལྗོངས་ལམ་ཐག་ཧྲིལ་པོར་འགྲེལ་བཤད་རྒྱག་གི་ཡོད། སློབ་གྲྭས་ད་དུང་དང་བླངས་ཞབས་ཞུའི་ས་ཚིགས་མང་པོ་བཀོད་སྒྲིག་བྱས་ཏེ་རིམས་འགོག་དཔའ་བོ་ཚོར་ཆུ་སྤྲོད་པ་དང་པར་རྒྱག་པ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད།

མེ་ཏོག་ཡིང་ཧྭ་ལ་ལྟ་མཁན་ཚང་མས་དམིགས་བསལ་གྱི་ལག་རྟགས་རེ་སྤྲད་པ་དང་། དེའི་ནང་ཝུའུ་ཧན་སློབ་ཆེན་གྱིས་ཆེད་མངགས་བཟོས་པའི་རིམས་འགོག་བྲང་རྟགས་དང་། ཆེད་དོན་འཁྲབ་སྟོན་གྱི་སྒོ་འཛིན། ཝུའུ་ཧན་སློབ་ཆེན་ཟ་ཁང་གི་སྤ་སེ། མེ་ཏོག་ཡིང་ཧྭ་ཡི་མཛེས་ལྗོངས་ལྟ་བའི་ལམ་ཐིག་ས་བཀྲ་སོགས་ཡོད་པ་གསར་འགོད་པས་མཐོང་བྱུང་།

“ཁྲེན་ཡན་རེན། ང་ཝུའུ་ཧན་སློབ་ཆེན་དུ་མེ་ཏོག་ཡིང་ཧྭ་ལ་ལྟ་བཞིན་ཡོད། རང་ཤུགས་རྒྱོབས་ཨང་། ལོ་ཤས་སོང་རྗེས་ང་ཚོ་འདིར་གར་འཛོམས་ཡོང”ཨན་ཧུའེ་ཡི་ཁག་གསུམ་པའི་ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གི་ཁོངས་མི་ཀྲོའུ་གོ་ཧུང་གིས་དམའ་འབྲིང་འགྲིམ་བཞིན་པའི་རང་གི་བུ་མོར་དེ་ལྟར་བརྗོད་ནས་བུ་མོར་སྐུལ་ལྕག་བྱེད་བཞིན་མཆིས།

“ཝུའུ་ཧན་སློབ་ཆེན་གྱིས་ལོ་གསུམ་བསྟུད་མར‘རིམས་འགོག་སྨན་དོན་མི་སྣ་མེ་ཏོག་ཡིང་ཧྭ་ཡི་མཛེས་ལྗོངས་ལ་ལྟ་བའི་ཆེད་དོན་མཛད་སྒོ’གཉེར་རྒྱུའི་ཁས་ལེན་སྒྲུབ་ངེས་ཡིན་པས། རིམས་འགོག་སྨན་དོན་མི་སྣ་ཚོས་སེམས་ཁྲལ་མ་གནང་རོགས”ཞེས་ཝུའུ་ཧན་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཝུའུ་ཕིང་ཧུའེ་ཡིས་དེ་ལྟར་བརྗོད།

(རིག་རྡོར་གྱིས་བསྒྱུར། བསོད་ནམས་དཔའ་མོས་ཞུས)