《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月15日

ཤིན་ཧྭ་གསར་འགྱུར་ཁང་གིས།

《སྲིད་གཞུང་གི་ལས་དོན་སྙན་སྒྲོན》དབང་ཆ་སྤྲད་པ་ལྟར་གཏོང་སྤེལ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། ཤིན་ཧྭ་གསར་འགྱུར་ཁང་ལ་དབང་ཆ་ཐོབ་ནས་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གནང་བའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་རྩོམ་ཡིག་ཧྲིལ་པོ་གཏོང་སྤེལ་བྱས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པས་ཟླ་3ཚེས་11ཉིན་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་སྙན་སྒྲོན་འདིར་ཆོག་མཆན་སྤྲད་པ་རེད།

སྙན་སྒྲོན་ལ་ཁྱོན་ཆ་ཤས་གསུམ་ཡོད་པ་སྟེ། གཅིག་ནི་2020ལོའི་ལས་དོན་ལ་ཕྱིར་དྲན་དང་། གཉིས་ནི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འཕེལ་རྒྱས་གྲུབ་འབྲས་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དམིགས་ཚད་ལས་འགན་གཙོ་བོ། གསུམ་ནི་2021ལོའི་གཙོ་གནད་ལས་དོན་བཅས་རེད།

སྙན་སྒྲོན་ནང་འདི་ལོ་གཞི་ཆེའི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་། བརྟན་ལྷིང་རང་བཞིན། རྒྱུན་མཐུད་ཆོག་པའི་རང་བཞིན་བཅས་རྒྱུན་འཁྱོངས་བྱས་ཏེ་དཔལ་འབྱོར་འདི་ཉིད་ལུགས་མཐུན་བར་མཚམས་ནང་འཁོར་རྒྱུག་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་དེ་བས་ཆེན་པོ་འཕེལ་བ་བྱ་རྒྱུ། གསར་གཏོད་ལ་བརྟེན་ནས་དངོས་ཚན་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུ། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་མཐའ་འཁྱོངས་བྱས་ཏེ་རྒྱལ་ནང་གི་ཁྲོམ་རའི་མི་མངོན་པའི་ནུས་ཤུགས་སྔོག་འདོན་གང་ལེགས་བྱ་རྒྱུ། གྲོང་གསེབ་དར་རྒྱས་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཞིང་ལས་འཕེལ་རྒྱས་བརྟན་པོ་དང་ཞིང་པ་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ལག་བསྟར་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་དང་ཕྱི་རྒྱལ་གྱི་མ་རྩ་བརྟན་ཐོག་སྤུས་ཚད་མཐོ་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ། སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་གཏོང་རྒྱུ། དམངས་འཚོའི་བདེ་རྩ་ཏན་ཏིག་ཆེ་རུ་བཏང་ནས་སྤྱི་ཚོགས་འཛུགས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད།