《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月26日

ཀྲུང་གོས་ཞིབ་བཟོ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཏོ་སྨི་ནི་ཁར་འབྱོར་བ།

འདི་ནི་ཟླ་2ཚེས་23ཉིན་ཏོ་སྨི་ནི་ཁའི་རྒྱལ་ས་སན་ཐོ་ཏོ་མིང་ཀོའི་རྒྱལ་སྤྱིའི་གནམ་ཐང་དུ་ལས་དོན་པས་ཀྲུང་གོ་ཁོའོ་ཤིང་ཀུང་སིས་ཞིབ་བཟོ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་བླུགས་པའི་དྲོད་ཚད་ཚོད་འཛིན་དོས་སྒམ་གནམ་གྲུ་ནས་འབེབས་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པཱ་ནཱ་མཱ་གྲོང་ནས་གློག་འཕྲིན་འབྱོར་གསལ། སན་ཐོ་ཏོ་མིང་ཀོ་ནས་གནས་ཚུལ་འབྱོར་པ་ལྟར་ན། ཚེས་23ཉིན་གྱི་དགོང་མོར་ཏོ་སྨི་ནི་ཁས་ཀྲུང་གོ་ནས་ཉོས་པའི་ཁོའོ་ཤིང་ཀུང་སིས་ཞིབ་བཟོ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཏོ་སྨི་ནི་ཁའི་རྒྱལ་ས་སན་ཐོ་ཏོ་མིང་ཀོ་རུ་འབྱོར་བ་དང་། ཏོ་སྨི་ནི་ཁའི་ཙུང་ཐུང་གཞོན་པ་ཕེ་ཉི་ཡ་སོགས་མཐོ་རིམ་དཔོན་རིགས་མང་པོ་གནམ་ཐང་དུ་རྩིས་ལེན་པར་ཡོང་བ་རེད།

གནམ་ཐང་དུ་འཚོགས་པའི་སྟབས་བདེ་ལ་དུས་ཡུན་ཐུང་བའི་རྩིས་ལེན་མཛད་སྒོའི་ཐོག ཕེ་ཉི་ཡ་ཡིས་ཀྲུང་གོར་མི་འབོར་མང་བ་དང་རིམས་འགོག་སྨན་ཁབ་རྒྱག་པའི་ལས་འགན་ལྕི་པོ་ཡོད་རུང་། སྔར་བཞིན་དཀའ་ངལ་ཁྱད་བསད་ཀྱིས་རྒྱལ་ཁབ་ཁག་ལ་རོགས་སྐྱོར་བྱས་པ་དེ་ཐོག་ནས་མཐུན་སྒྲིལ་རོགས་ལས་ཀྱི་སྙིང་སྟོབས་གང་ལེགས་མངོན་ནས་མིའི་རིགས་ཡོངས་ལ་མིག་དཔེ་བཟང་པོ་ཞིག་བཏོན་ཡོད་ཅེས་བརྗོད།

ཁོང་གིས། ཙུང་ཐུང་ཨ་པེ་ནཱ་ཏེར་དང་ཏོ་སྨི་ནི་ཁའི་སྲིད་གཞུང་གི་ཚབ་ཞུས་ཏེ་ཀྲུང་གོ་སྲིད་གཞུང་གིས་ཏོ་སྨི་ནི་ཁར་ཏོག་གསར་རིམས་འགོག་སྨན་ཁབ་རག་རྒྱུར་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཐེངས་ཀྱི་རིམས་འགོག་སྨན་ཁབ་འདི་རྒྱལ་ཁབ་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་འཆར་གཞིའི་ནང་མགྱོགས་མྱུར་བཅུག་སྟེ། ཏོ་སྨི་ནི་ཁ་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་རྒྱུར་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད།

ཏོ་སྨི་ནི་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་རུན་གྱིས་གཏམ་བཤད་སྤེལ་སྐབས། ཀྲུང་གོ་དང་ཏོ་སྨི་ནི་ཁའི་དབར་རིམས་འགོག་སྨན་ཁབ་རྩིས་སྤྲོད་རྩིས་ལེན་བདེ་བླག་བྱུང་བ་དང་། ཀྲུང་གོ་དང་ཏོ་སྨི་ནི་ཁ་ཕན་ཚུན་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ལེའུ་གསར་པ་ཞིག་བརྩམས་ཡོད་ཅེས་བརྗོད་པ་རེད།