《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月26日

དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་སྒུལ་བདེའི་དྲ་སྦྲེལ་གྱི་དྲ་བཞུད་དུས་མཚུངས་ལས་23.4%འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱུང་བར། 2021ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི(ཟླ་2ཚེས་11ཉིན་ནས་ཟླ་2ཚེས་17ཉིན་བར)རིང་། རང་རྒྱལ་གྱི་སྒུལ་བདེའི་གྲངས་གཞིའི་དྲ་བཞུད་འཛད་སྤྱོད་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་བྱུང་ཡོད། དཔྱིད་གསར་དུས་ཆེན་གྱི་ངལ་གསོ་ཉིན་7རིང་། སྒུལ་བདེའི་དྲ་སྦྲེལ་གྱི་དྲ་བཞུད་ཆེ་ཆུང་TBཁྲི་357.3ཟིན་པ་དེ་2020ལོའི་དཔྱིད་གསར་དུས་ཆེན་གྱི་ཉིན་7ལས་23.4%འཕར་ཡོད་པ་རེད།

“ས་གནས་དེ་རང་དུ་ལོ་གསར་གཏོང་བའི”གྲོས་འགོའི་འོག་དཔྱིད་གསར་དུས་ཆེན་རིང་ལོ་གསར་གྱི་འཚམས་འདྲི་ཞུ་སྟངས་དང་། རོལ་རྩེད་བྱ་ཐབས། འཛད་སྤྱོད་བྱེད་སྟངས་བཅས་མུ་མཐུད་དྲ་ཐོག་ཏུ་སྤོ་སྒྱུར་བྱས་ཏེ་དྲ་ཐོག་ནས་དུས་ཆེན་གཏོང་བ་དང་། གྲངས་འཛིན་ཤོག་ཆག དྲ་ཐོག་ནས་ལོ་གསར་མཁོ་ཆས་ཉོ་སྒྲུབ་བྱེད་པ་སོགས་དར་སྲོལ་གསར་པ་ཞིག་ཏུ་གྱུར་ནས། སྒུལ་བདེའི་དྲ་སྦྲེལ་གྱི་དྲ་བཞུད་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། དེའི་ནང་གནམ་གང་དང་ཚེས་གཅིག་ཉིན་གྱི་སྒུལ་བདེའི་གྲངས་གཞིའི་དྲ་བཞུད་དུས་མཚུངས་ལས་28.7%དང་26.1%སོ་སོར་འཕར་ཡོད། དྲ་ཐོག་མཉམ་འགུལ་དང་། རོལ་རྩེད། ཉོ་སྒྲུབ་སོགས“དྲ་ཐོག་གི་འཚོ་བ”སྐྱེལ་སྟངས་ལ་དགའ་བསུ་ཆེན་པོ་ཐོབ་ཡོད། འཁྱུག་དབྱིངས་ཀྱི་གྲངས་གཞི་ལས་མངོན་གསལ། ཟླ་2ཚེས་4ཉིན་ནས་ཚེས་15ཉིན་བར་ལོ་གསར་གྱི་འཚམས་འདྲི་ཞུ་བའི་བརྙན་ཐུང་གི་གྲངས་འབོར་དུས་མཚུངས་ལས་ལྡབ་11འཕར་ཡོད་པ་རེད།

དཔྱིད་གསར་དུས་ཆེན་རིང་། རྨང་གཞིའི་གློག་འཕྲིན་ཁེ་ལས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ། དྲ་རྒྱའི་བདེ་འཇགས་དང་། ཤར་གཏོང་། སྤུས་ཀ་བཅས་འགན་ལེན་བྱས་ནས། རྒྱ་ཆེའི་འཛད་སྤྱོད་པའི་དཔྱིད་གསར་དུས་ཆེན་རིང་གི་གྲངས་གཞིའི་འཛད་སྤྱོད་ཀྱི་དགོས་མཁོ་བསྐངས་ཡོད། བསྡོམས་རྩིས་ལས་མངོན་གསལ། དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་། རྒྱལ་ཡོངས་ཀྱི་འཕྲིན་གཏོང་དྲ་རྒྱ་བདེ་འཇགས་ཤར་གཏོང་བྱུང་བ་མ་ཟད། འཁོར་རྒྱུག་བརྟན་པོའང་བྱུང་ནས་དྲ་རྒྱར་སྐྱོན་ཆ་ཚབས་ཆེན་མི་ཐོན་པ་དང་། བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་མི་ཐོན་པ། གནད་ཆེའི་འཛད་སྤྱོད་པས་ཞུ་གཏུག་མི་བྱེད་པ་བཅས་ཀྱི་འགན་ལེན་དམིགས་ཚད་མངོན་འགྱུར་བྱུང་ཡོད། རྒྱལ་ཡོངས་ཀྱི་སྒུལ་བདེའི་ཁ་པར་བརྒྱབ་པའི་རིམ་རྩིས་སྐར་གྲངས་ཁྱོན་བསྡོམས་སྐར་མ་དུང་ཕྱུར་548.4ཟིན་པ་དེ་དུས་མཚུངས་ལས་5.6%འཕར་ཡོད། རྒྱལ་ཡོངས་ཀྱི་སྒུལ་བདེའི་འཕྲིན་ཐུང་བསྐུར་ཚད་ཁག་དུང་ཕྱུར་212ཟིན་པ་དང་རིགས་ཁག་གི་སྤྱི་ཕན་འཕྲིན་ཐུང་གི་བཟུང་ཚད་མཐོ་རུ་ཕྱིན་ཡོད་པ་རེད།

(ཚེ་ཁོས་བསྒྱུར། ལྷ་དབང་དང་ཚེ་ཁོས་ཞུས)