《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月25日

མོ་ཞི་ཁོ་རུ་ཀྲུང་གོ་ཁོའོ་ཤིང་གིས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་འགོ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་མོ་ཞི་ཁོའི་གྲོང་ཁྱེར་ཨའེ་ཁ་ཐེ་ཕེ་ཁེ་ནས་ཟླ་2ཚེས་22ཉིན་གློག་འཕྲིན་འབྱོར་གསལ། མོ་ཞི་ཁོ་དབུས་རྒྱུད་ཀྱི་མོ་ཞི་ཁོ་ཀྲོའུ་ཡི་ཨའེ་ཁ་ཐེ་ཕེ་ཁེ་གྲོང་ཁྱེར་ལ་ཚེས་22ཉིན་ནས་བཟུང་ཀྲུང་གོ་ཁའོ་ཤིང་གིས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་འགོ་ཚུགས་པ་རེད།

སྨན་ཁབ་ཐོག་མར་གཟེད་མཁན་མི་ཚོགས་ནི་ལོ་60དང་དེ་ཡན་གྱི་རྒན་རྒོན་ཡིན་པ་རེད། ཉིན་དེའི་སྔ་དྲོར་རྒན་རྒོན་སྟོང་ཕྲག་མང་པོ་ནང་མི་དང་གྲོགས་པོའི་རོགས་རམ་འོག་གྲོང་ཁྱེར་དེའི་མེ་གླིང་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ཕྱིར་བང་རིང་པོ་བསྒྲིགས་ནས་རིམས་འགོག་སྨན་ཁབ་རྒྱག་རྒྱུ་བསྒུགས་ནས་བསྡད་ཡོད།

“དེ་གྲོང་ཁྱེར་ཨའེ་ཁ་ཐེ་ཕེ་ཁེའི་ངོས་ནས་བརྗོད་ན་ཉིན་མོ་གལ་ཆེན་ཞིག་རེད”ཅེས་ཨའེ་ཁ་ཐེ་ཕེ་ཁེའི་ཧྲི་ཀྲང་ཧྥེར་ནན་ཏའོ·པེར་ཆི་སི་ཡིས་གསར་འགོད་པར་བརྗོད། ཁོང་གིས“གྲོང་ཁྱེར་དེ་ནི་མོ་ཞི་ཁོ་ཡི་མི་འབོར་མང་ཤོས་ཀྱི་གྲོང་ཁྱེར་གྱི་གྲས་ཤིག་ཡིན། ས་གནས་དེ་རང་གི་སྨན་བཅོས་ཐོན་ཁུངས་དཀོན་པ་དང་ཏོག་གསར་གློ་ཚད་ཕོག་ནས་འཆི་མཁན་ཅུང་མང་བས་ས་གནས་དེ་གའི་སྲིད་གཞུང་གིས་སྔོན་ལ་ཉམས་ཞན་ཚོགས་སྤྱིར་རིམས་འགོག་སྨན་ཁབ་རྒྱག་རྒྱུའི་བསམ་གཞིགས་བྱས་ཡོད། ཀྲུང་གོར་རིམས་འགོག་གི་ཉམས་མྱོང་ཕུན་སུམ་ཚོགས་པས་ཕྱོགས་གཉིས་ཀྱི་རིམས་འགོག་མཉམ་ལས་དང་ཉམས་མྱོང་སྤེལ་རེས་ལ་སྐུལ་འདེད་བཏང་ཚེ་ཚེ་སྲོག་དེ་བས་མང་བ་སྐྱོབ་ཐུབ”ཅེས་བརྗོད།

མོ་ཞི་ཁོ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲུའུ་ཆིང་ཆའོ་ཡིས་ཀྲུང་གོ་དང་མོ་ཞི་ཁོ་ཡི་རིམས་འགོག་སྨན་ཁབ་ཀྱི་མཉམ་ལས་ཐད་མོ་ཞི་ཁོ་ཡི་སྨྱན་སྦྱར་ཐོག་མིང་བཀོད་པའི་རྩོམ་ཡིག་སྤེལ་ཞིང་། དེའི་ནང་ཀྲུང་གོ་དང་མོ་ཞི་ཁོ་ཡི་རིམས་འགོག་སྨན་ཁབ་ཀྱི་མཉམ་ལས་ལ་ཕན་འབྲས་ཆེན་པོ་ཐོན་པ་ལས་ཀྲུང་གོ་དང་མོ་ཞི་ཁོ་ཡི་རིམས་འགོག་མཉམ་ལས་དུས་རིམ་གསར་པར་སླེབས་པ་མཚོན་ཐུབ། ཀྲུང་གོའི་རིམས་འགོག་སྨན་ཁབ་ཀྱིས་མོ་ཞི་ཁོ་ཕྱོགས་ལ་ནད་འགོག་འཛིང་རགས་བསྐྲུན་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཏེ་མོ་ཞི་ཁོའི་མི་དམངས་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་རྒྱུར་རོགས་རམ་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད།

ཟླ་བ་འདིའི་ཚེས་10ཉིན་མོ་ཞི་ཁོ་སྲིད་གཞུང་གིས་ཀྲུང་གོས་ཞིབ་སྤེལ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་རིགས་གཉིས་འཕྲལ་མར་སྤྱོད་པའི་ཆོག་མཆག་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། དེ་གཉིས་ནི་ཀྲུང་གོ་དམག་དོན་གསོ་རིག་ཞིབ་འཇུག་ཁང་དང་ཁང་ཞི་ནུའོ་ཀུང་སིས་མཉམ་དུ་ཞིབ་སྤེལ་བྱས་པའི་གཤེར་རྨེན་ནད་དུག་གཞི་རྟེན་དུ་བྱས་པའི་རིམས་འགོག་སྨན་ཁབ་དང་དེ་བཞིན་ཀྲུང་གོ་ཁོའོ་ཤིང་ཀུང་སིས་ཞིབ་སྤེལ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཡིན་པ་རེད། ཁོའོ་ཤིང་གིས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཁག་དང་པོ་ཚེས་20ཉིན་གྱི་སྔ་དྲོ་རྒྱལ་ས་མོ་ཞི་ཁོ་གྲོང་གི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་དང་དེ་རྗེས་མོ་ཞི་ཁོ་སྲིད་གཞུང་གིས་རིམས་འགོག་སྨན་ཁབ་དག་ཨའེ་ཁ་ཐེ་ཕེ་ཁེ་གྲོང་ཁྱེར་དུ་དབོར་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

⇑ འདི་ནི་ཟླ་2ཚེས་22ཉིན་མོ་ཞི་ཁོ་ཡི་ཨའེ་ཁ་ཐེ་ཕེ་ཁེ་གྲོང་ཁྱེར་དུ་སྨན་དོན་མི་སྣས་ཀྲུང་གོ་ཁོའོ་ཤིང་གིས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་སྟོན་བཞིན་པ།