《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月25日

ཀྲུང་གོས་མོང་གོལ་རྒྱལ་ཁབ་ལ་རོགས་སྐྱོར་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཨུ་ལན་དཔའ་ཐུལ་དུ་འབྱོར་བ།

⇑ འདི་ནི་ཟླ་2ཚེས་23ཉིན་གྱི་ཐོ་རེངས་སུ་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་དཔའ་ཐུལ་གྱི་ཇིང་གེར་རྒྱལ་པོ་རྒྱལ་སྤྱིའི་གནམ་ཐང་དུ་ཀྲུང་མོང་ཕྱོགས་གཉིས་པོའི་འཐུས་མིས་རྩིས་སྤྲོད་རྩིས་ལེན་གྱི་འཛིན་ཡིག་ཐོག་མིང་རྟགས་འགོད་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨུ་ལན་དཔའ་ཐུལ་ནས་ཟླ་2ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་གྱི་མཚན་མོར། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་རོགས་སྐྱོར་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་དཔའ་ཐུལ་གྱི་ཇིང་གེར་རྒྱལ་པོ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཞིང་། མོང་གོལ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲའེ་ཝུན་རུའེ་དང་། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་དང་རྒྱལ་ཁབ་ཛ་དྲག་གནས་ཚུལ་ཨུ་ལྷན་གྱི་ཀྲུའུ་ཞི་གཅིག་ལྕོགས་ཨ་མར་སའེ་ཧན་སོགས་གནམ་ཐང་དུ་གཉེར་བའི་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་ཡོད།

ཨ་མར་སའེ་ཧན་གྱིས་ཤིས་ཚིག་ནང་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་མོང་གོལ་རྒྱལ་ཁབ་ལ་ཏོག་གསར་རིམས་འགོག་སྨན་ཁབ་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཏོག་གསར་རིམས་ནད་མཆེད་ཚུན་མོང་ཀྲུང་རྒྱལ་ཁབ་གཉིས་པོས་ཆ་འཕྲིན་མཉམ་སྤྱོད་དང་ཕན་ཚུན་རྒྱབ་སྐྱོར་བྱས་པ་དེ་ཁྱིམ་མཚེས་རྒྱལ་ཁབ་དབར་མཉམ་ལས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་དཔེ་སྟོན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་མོང་གོལ་རྒྱལ་ཁབ་ཕྱོགས་ལ་ཁ་རས་དང་། འགོག་སྲུང་གྱོན་ཆས། དབུགས་འབྱིན་རྔུབ་འཕྲུལ་ཆས་སོགས་སྨན་བཅོས་དངོས་རྫས་ཁག་མང་པོ་གཅིག་རྗེས་གཉིས་མཐུད་ངང་རོགས་སྐྱོར་བྱས་ཏེ་མོང་གོལ་རྒྱལ་ཁབ་ཀྱི་རིམས་འགོག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། ད་ཐེངས་ཀྲུང་གོ་ཕྱོགས་ཀྱིས་རོགས་སྐྱོར་བྱས་པའི་རིམས་འགོག་སྨན་ཁབ་ཀྱིས་མོང་གོལ་རྒྱལ་ཁབ་ཀྱི་རིམས་འགོག་ལས་དོན་ལ་གང་མགྱོགས་གྲུབ་འབྲས་གསར་པ་ཐོབ་ནས་དུས་མཚམས་གསར་པར་སླེབས་རྒྱུར་འདེགས་སྐྱོར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད།

ཁྲའེ་ཝུན་རུའེ་ཡིས་ཏོག་གསར་རིམས་ནད་ཐོན་ཚུན་རྒྱལ་ཁབ་གཉིས་པོས་ལྟ་རེས་སྐྱོང་རེས་དང་ལག་གདང་སྦྲེལ་ནས་མཉམ་དུ་རིམས་འགོག་བྱས་ཏེ་ཀྲུང་མོང་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་བཏོད་ཡོད། མིག་སྔར་གོ་ལ་ཧྲིལ་པོར་རིམས་འགོག་སྨན་ཁབ་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པ་དང་ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ལ་རིམས་འགོག་སྨན་ཁབ་འབེལ་པོ་དེ་ཙམ་མེད་པའི་གནས་ཚུལ་འོག་མོང་གོལ་རྒྱལ་ཁབ་ལ་ཏོག་གསར་རིམས་འགོག་སྨན་ཁབ་རིན་མེད་ངང་རོགས་སྐྱོར་བྱས་པ་ལས། ཀྲུང་མོང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་མཐོ་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་གང་ལེགས་མངོན་པ་དང་། ཁག་ཐེངས་འདིའི་རིམས་འགོག་སྨན་ཁབ་ཀྱིས་མོང་གོལ་རྒྱལ་ཁབ་ཀྱིས་རིམས་ནད་ལ་ཁ་གཏད་དེ་བས་ལེགས་པ་གཅོག་ཐུབ་པའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་མོང་གོལ་རྒྱལ་ཁབ་དང་ཐུན་མོང་ཐོག་འབད་བརྩོན་བྱེད་པ་དང་། ཕྱོགས་གཉིས་པོའི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རིམས་ནད་ལ་འགོག་རྒོལ་བྱེད་པའི་མཐའ་མའི་རྒྱལ་ཁ་ཐུན་མོང་ཐོག་བླངས་ནས་འབྱུང་འགྱུར་ཀྲུང་མོང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་འབྲས་བུ་དེ་བས་ཆེ་བ་ཐོབ་ཆེད་འགན་ལེན་ནུས་ལྡན་བྱེད་ཀྱི་ཡིན་ཞེས་བརྗོད། (པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)