《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月25日

ཀུ་ཐེ་ལེ་སིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རླངས་འཁོར་རུ་ཁག་ལ་ཁོང་ཀོ(ཅིན)དུ་འཇབ་རྒོལ་ཕོག་པར་རྒོལ་གཏམ་དྲག་པོ་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་2ཚེས་22ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་མགྲིན་ཚབ་པ་བརྒྱུད་ནས་གསལ་བསྒྲགས་སྤེལ་ཏེ། ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རླངས་འཁོར་རུ་ཁག་ལ་ཁོང་ཀོ(ཅིན)དུ་འཇབ་རྒོལ་ཕོག་སྟེ་དབྱི་ཐ་ལིའི་གཞུང་ཚབ་ཆེ་མོ་བ་སོགས་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་ཐོན་པར་རྒོལ་གཏམ་དྲག་པོ་བཏང་བ་རེད།

གསལ་བསྒྲགས་ནང་། ཀུ་ཐེ་ལེ་སིས་འདས་པོའི་ནང་མི་དང་། དབྱི་ཐ་ལི་སྲིད་གཞུང་། ཁོང་ཀོ(ཅིན)སྲིད་གཞུང་བཅས་ལ་སེམས་གཏིང་ནས་སེམས་གསོའི་འཚམས་འདྲི་ཞུས་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའི་ལས་རོགས་དང་ཁོང་ཀོ(ཅིན)དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་པ་ཡོངས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ཞེས་བརྗོད་ཡོད།

གསལ་བསྒྲགས་ནང་། ཀུ་ཐེ་ལེ་སིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རླངས་འཁོར་རུ་ཁག་ལ་དམིགས་པའི“མི་རྣམས་ཁོང་ཁྲོ་ཟ་བའི”འཇབ་རྒོལ་གྱི་དོན་རྐྱེན་ལ་ཁོང་ཀོ(ཅིན)སྲིད་གཞུང་གིས་འཕྲལ་མར་བརྟག་དཔྱད་བྱས་ཏེ་དོན་རྐྱེན་བཟོ་མཁན་ཁྲིམས་ལ་སྦྱོར་དགོས་པའི་འབོད་སྐུལ་བྱས་ཡོད།

གསལ་བསྒྲགས་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་ཁོང་ཀོ(ཅིན)སྲིད་གཞུང་དང་མི་དམངས་ཀྱིས་རྒྱལ་ཁབ་དེའི་ཤར་རྒྱུད་ཀྱི་ཞི་བདེ་དང་བརྟན་ལྷིང་ལ་འབད་བརྩོན་བྱེད་པར་མུ་མཐུད་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བསྟན་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་ཚིགས་ནས་གནས་ཚུལ་སྤེལ་བ་ལྟར་ན། འཇབ་རྒོལ་གྱི་དོན་རྐྱེན་དེ་ས་གནས་དེ་གའི་དུས་ཚོད་ཚེས་22ཉིན་གྱི་ཆུ་ཚོད་10པ་ཙམ་ལ་ཐོན་པ་དང་། དོན་རྐྱེན་དེས་ཁོང་ཀོ(ཅིན)དུ་བཅའ་སྡོད་དབྱི་ཐ་ལིའི་གཞུང་ཚབ་ཆེ་མོ་བ་ལུའུ་ཁཱ·ཨ་ཐ་ནཱ་ཤིས་ཨའོ་དང་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའི་ཁོང་ཀོ(ཅིན)ནས་ཡིན་པའི་ལས་དོན་པ་གཅིག་སོགས་མི་3རྐྱེན་ལམ་དུ་ཤོར་བ་དང་། རླངས་འཁོར་རུ་ཁག་དང་མཉམ་དུ་འགྲོ་མཁན་ལའང་རྨས་སྐྱོན་ཕོག་ཡོད་ཅིང་། ད་ལྟའི་བར་རྩ་འཛུགས་གང་ཞིག་གིས་ཀྱང་འཇབ་རྒོལ་གྱི་དོན་རྐྱེན་དེའི་ཐད་ཁས་ལེན་བྱེད་མཁན་བྱུང་མེད་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)