《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月22日

རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་ཀྱིས།

ཏོག་དབྱིབས་ནད་དུག་གསར་པའི་རང་རྒྱལ་གྱི་རིམས་འགོག་སྨན་ཁབ་16ལ་ནད་ཐོག་སྨན་བཅོས་ཚོད་ལྟ་བྱ་རྒྱུའི་འཕྲལ་སྡོམ་ཆོག་མཆན་སྤྲད་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་ཀྱིས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི“ནན་ཤོས་བཞིའི”ཆེད་དོན་བྱ་སྤྱོད་ཀྱི་འབྲེལ་ཡོད་གནད་དོན་ཐད་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བརྗོད་དོན། རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ་2ལ་ཆ་རྐྱེན་ཟུར་བཀོད་བྱས་ནས་ཁྲོམ་རར་འདོན་ཆོག་པའི་ཆོག་མཆན་ཐོབ་པ་དང་། ལག་རྩལ་ཐབས་ལམ་5ཡི་རིམས་འགོག་སྨན་ཁབ་ཀྱི་རིགས་ཁྱོན་16ལ་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱ་རྒྱུའི་འཕྲལ་སྡོམ་ཆོག་མཆན་ཐོབ་པའི་ཁྲོད་རིམས་འགོག་སྨན་ཁབ་ཀྱི་རིགས་6ལ་དུས་ཐེངས་གསུམ་པའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱས་ཟིན་ཡོད།

རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་ཆ་རྐྱེན་ཟུར་བཀོད་བྱས་ནས་ཁྲོམ་རར་བཏོན་པའི་ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ་2ནི་རྒྱལ་ཁབ་སྨན་རྫས་ཚོགས་པའི་ཀྲུང་གོའི་སྐྱེ་དངོས་ཀྱི་ཏོག་དབྱིབས་ནད་དུག་གསར་པའི་དུག་སེལ་རིམས་འགོག་སྨན་ཁབ་དང་པེ་ཅིང་ཚན་དར་ཀྲུང་ཝེ་སྐྱེ་དངོས་ལག་རྩལ་ཚད་ཡོད་ཀུང་སིའི་ཏོག་དབྱིབས་ནད་དུག་གསར་པའི་དུག་སེལ་རིམས་འགོག་སྨན་ཁབ“ཁེར་ལའེ་ཧྥུའུ”ཡིན་ཞིང་། དེ་གཉིས་ལ་2020ལོའི་ཟླ་12ཚེས་30ཉིན་དང་2021ལོའི་ཟླ་2ཚེས་5ཉིན་སྔ་རྗེས་སུ་ཆོག་མཆན་ཐོབ་ཡོད།

རང་རྒྱལ་གྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་གལ་ཆེན་ལ་ཁ་གཏད་གཅོག་པར་འཕྲལ་མཁོ་ཆེ་བའི་རིམས་འགོག་སྨན་ཁབ་ལ་རྒྱལ་ཁབ་སྨན་རྫས་ལྟ་འདོམས་སྡེ་ཚན་གྱིས་ཆ་རྐྱེན་ཟུར་བཀོད་བྱས་ནས་ཐོ་འགོད་རེ་ཞུར་ཆོག་མཆན་སྤྲོད་ཆོག་པ་མ་ཟད། ཁེ་ལས་ཀྱིས་འཆར་གཞི་ལྟར་དུས་ཐེངས་གསུམ་གྱི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་དང་ཁྲོམ་རར་བཏོན་རྗེས་ཀྱི་ཞིབ་འཇུག་མུ་མཐུད་ལེགས་སྒྲུབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཀྱི་ཡོད།

གོང་གསལ་གྱི་ཁྲོམ་རར་བཏོན་པའི་རིམས་འགོག་སྨན་ཁབ་གཉིས་པོ་ནི“དུག་སེལ་རིམས་འགོག་སྨན་ཁབ”ཀྱི་ཁོངས་སུ་གཏོགས་ཤིང་། དེ་ནི་གསོས་རྗེས་བསྐྱར་དུ་བསད་པའི་ནད་དུག་སྤྱད་དེ་བཟོས་པའི་རིམས་འགོག་སྨན་ཁབ་ཞིག་ཡིན་ལ། ལག་རྩལ་བལྟོས་བཅས་ཀྱིས་ལེགས་པོ་ཡོད། ཁྱི་སྨྱོན་རིམས་འགོག་སྨན་ཁབ་དང་བྱིས་པའི་སྦྲིད་ནད་སྔོན་འགོག་བྱེད་པའི་སྒལ་ཚིགས་རུལ་བའི་ནད་ཀྱི་རིམས་འགོག་སྨན་ཁབ(སྨན་ཁབ་རྒྱག་པ) བརྒྱ་གློ་དང་། མགྲིན་ནད། ཕྲུ་གུ་དམར་འབྱར་གྱི་ཆམ་ནད་གསུམ་འབྲེལ་རིམས་འགོག་སྨན་ཁབ་སོགས་ཚང་མ་ནི་དུག་སེལ་རིམས་འགོག་སྨན་ཁབ་ཡིན་པ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་ཚན་ཞིབ་འགག་སྒྲོལ་ཚོགས་ཆུང་རིམས་འགོག་སྨན་ཁབ་ཞིབ་སྤེལ་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཀྲེན་ཀྲུང་ཝེ་ཡིས་དེ་སྔ་བདེ་འཇགས་རང་བཞིན་དང་ཕན་འབྲས་རང་བཞིན་ནི་རིམས་འགོག་སྨན་ཁབ་ཅིག་ལ་གདེང་འཇོག་བྱེད་པའི་སྟོན་གྲངས་གལ་ཆེན་གཉིས་ཡིན་ཞིང་། དུག་སེལ་རིམས་འགོག་སྨན་ཁབ་ལོ་བརྒྱ་ལྷག་ཙམ་བརྒྱུད་པ་དང་མི་ཐེངས་དུང་ཕྱུར་མང་པོར་སྤྱོད་མྱོང་བས་དེའི་བདེ་འཇགས་རང་བཞིན་དང་། ཕན་འབྲས་རང་བཞིན། དུས་ཐོག་རང་བཞིན་བཅས་ལ་དུས་ཚོད་ཀྱི་ཚོད་བགམ་ཐེབས་ཡོད་ལ། ཚན་རིག་གི་ར་སྤྲོད་ཀྱང་ཐོབ་ཡོད་ཅེས་བརྗོད་མྱོང་ཡོད།

(པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)