《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月22日

2021ལོའི་མཐོ་རྒྱུགས་ཀྱི་དུས་ཚོད་གཏན་འཁེལ་བྱས་པ།

རྒྱལ་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་ཟླ་6ཚེས་7ཉིན་ནས་འགོ་ཚུགས་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། 《2021ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་ལས་དོན་སྐོར་གྱི་གཏན་འབེབས》ལ་གཞིགས་ན། རྒྱལ་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་ཟླ་6ཚེས་7ཉིན་ནས་འགོ་ཚུགས་རྒྱུ་ཡིན་པ་རེད། སློབ་ཚན་ཡིག་རྒྱུགས་ཀྱི་དུས་ཚོད་བཀོད་སྒྲིག་ཞིབ་ཕྲ་སྟེ། ཟླ་6ཚེས་7ཉིན་གྱི་ཆུ་ཚོད་9∶00ནས་11∶30བར་དུ་རྒྱ་ཡིག་གི་རྒྱུགས་ལེན་རྒྱུ་དང་། ཆུ་ཚོད་15∶00ནས་17∶00བར་དུ་རྩིས་རིག་གི་རྒྱུགས་ལེན་རྒྱུ། ཟླ་6ཚེས་8ཉིན་གྱི་ཆུ་ཚོད་9∶00ནས་11∶30བར་དུ་རིག་གནས་ཚན་ཁག་གི་ཕྱོགས་བསྡུས་/རང་བྱུང་ཚན་རིག་ཚན་ཁག་གི་ཕྱོགས་བསྡུས་ཀྱི་རྒྱུགས་ལེན་རྒྱུ་དང་། ཆུ་ཚོད་15∶00ནས་17∶00བར་དུ་ཕྱིའི་སྐད་ཡིག་གི་རྒྱུགས་ལེན་རྒྱུ། ཕྱིའི་སྐད་ཡིག་གི་ཉན་ནུས་ཚོད་རྒྱུགས་ཀྱི་ནང་དོན་ཡོད་རིགས་ཕྱིའི་སྐད་ཡིག་གི་ཡིག་རྒྱུགས་མ་ལེན་གོང་ལེན་རྒྱུ་རེད། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་ཡིག་རྒྱུགས་ལེན་པའི་སློབ་ཚན་གྱི་མིང་དེ་རྒྱལ་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་ཀྱི་མིང་དང་གཅིག་མཚུངས་ཡིན་རིགས། ངེས་པར་དུ་རྒྱལ་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་དུས་ཚོད་བཀོད་སྒྲིག་བྱས་པ་དང་གཅིག་མཚུངས་ཡོང་བ་བྱེད་དགོས། ཡིག་རྒྱུགས་སློབ་ཚན་གྱི་དུས་ཚོད་བཀོད་སྒྲིག་ཞིབ་ཕྲ་སློབ་གསོ་པུའི་ཡིག་རྒྱུགས་ལྟེ་གནས་ལ་ཐོ་འགོད་སྙན་སེང་ཞུས་རྗེས་ཁྱབ་བསྒྲགས་བྱེད་དགོས།

སློབ་གསོ་པུས་དུས་མཚུངས་སུ《2021ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ཏེ། ས་ཁུལ་ཁག་གི་སློབ་གྲྭ་ཁག་ལ་སློབ་གསོ་པུས་ཞིབ་བཤེར་གཏན་འབེབས་བྱས་པའི་དངོས་གཞིའི་ཚན་ཁག་གི་སློབ་བསྡུའི་འཆར་གཞི་ལག་བསྟར་ནན་པོ་བྱེད་པ་ལས་སློབ་བསྡུའི་འཆར་གཞི་རང་དགར་བཟོ་བཅོས་རྒྱག་མི་རུང་བ་དང་། རྒྱལ་ཁབ་ཀྱིས་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་ལ་རོགས་སྐྱོར་བྱེད་པའི་སློབ་བསྡུའི་རོགས་ལས་འཆར་གཞི་མུ་མཐུད་ལག་ལེན་བསྟར་ཏེ། སློབ་ཁུངས་ཀྱི་གྲངས་འབོར་དང་། སློབ་གྲྭའི་སློབ་གཉེར་ཆ་རྐྱེན། སློབ་ཐོན་སློབ་མའི་ལས་ཞུགས་གནས་ཚུལ་སོགས་ལ་ཕྱོགས་བསྡུས་ཐོག་བསམ་གཞིག་བྱས་པའི་ཁར། མུ་མཐུད་སློབ་བསྡུའི་འཆར་གཞི་ལྟར་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དང་རྒྱུགས་སྤྲོད་སློབ་མ་མང་བའི་ཞིང་ཆེན་ལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། ཀྲུང་དབྱང་སྡེ་ཚན་གྱི་ཁོངས་སུ་གཏོགས་པའི་མཐོ་སློབ་ཀྱིས་ཁོངས་གཏོགས་ས་ཆ་ནས་སློབ་མ་བསྡུ་བའི་འཆར་གཞིའི་བསྡུར་ཚད་ཚོད་འཛིན་ནན་པོ་བྱས་ཏེ། ཞིང་ཆེན་དབྱེ་ནས་སློབ་མ་བསྡུ་བའི་མི་གྲངས་ལུགས་མཐུན་ངང་གཏན་འཁེལ་བྱེད་དགོས་པ་བཅས་ཀྱི་བླང་བྱའང་བཏོན་ཡོད།

(སྤེན་པ་ཚེ་རིང་གིས་བསྒྱུར)