《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月22日

བློ་མཐུན་ཧྭ་གོ་ཧྥུང་འཁྲུངས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། བློ་མཐུན་ཧྭ་གོ་ཧྥུང་འཁྲུངས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུ་མ་འཚོག་གོང་ཝང་ཧུའུ་ཉིང་དང་ཧན་ཀྲེང་སོགས་འགོ་ཁྲིད་བློ་མཐུན་གྱིས་བློ་མཐུན་ཧྭ་གོ་ཧྥུང་གི་ནང་མིར་ཐུག་འཕྲད་གནང་བ་རེད།

བློ་མཐུན་ཧྭ་གོ་ཧྥུང་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཡུན་རིང་ཉམས་སད་ཐེག་པའི་ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་བཅས་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱི་ལས་གནས་གལ་ཆེན་བཞེས་མྱོང་ཡོད། ཁོང་གིས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་སྐུ་ཚེ་ཧྲིལ་པོའི་ནུས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

ཝང་ཧུའུ་ཉིང་གིས་གསུང་བཤད་གནང་སྐབས་བློ་མཐུན་ཧྭ་གོ་ཧྥུང་གི་སྐུ་ཚེ་ཧྲིལ་པོའི་མཛད་རྗེས་དང་ལོ་རྒྱུས་ཀྱི་ལེགས་སྐྱེས་ལ་རྗེས་དྲན་ཟབ་མོ་ཞུས་ཤིང་། ཁོང་གིས་བློ་མཐུན་ཧྭ་གོ་ཧྥུང་གི་སྐུ་ཚེ་ཧྲིལ་པོ་ནི་གསར་བརྗེའི་སྐུ་ཚེ་ཧྲིལ་པོ་དང་། འཐབ་འཛིང་གི་སྐུ་ཚེ་ཧྲིལ་པོ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་པའི་སྐུ་ཚེ་ཧྲིལ་པོ་བཅས་ཡིན། ཁོང་གིས་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས།

ཝང་ཧུའུ་ཉིང་གིས། ང་ཚོས་བློ་མཐུན་ཧྭ་གོ་ཧྥུང་ལ་དྲན་གསོ་ཞུ་བ་ནི་ཁོང་གི་ཏང་གཤིས་ལ་བློ་བརྟན་འགྱུར་མེད་དང་ཏང་ལ་ལྷག་བསམ་ཟོལ་མེད་གནང་བའི་ཆབ་སྲིད་ཀྱི་ཀུན་སྤྱོད་དང་། ཐོག་མའི་བསམ་འདུན་བརྟན་སྲུང་དང་མི་དམངས་སེམས་ལ་འཇོག་པའི་བརྩེ་སེམས་ཟབ་མོ། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོ། གཞུང་དྲང་གནོང་མེད་དང་སྤྱོད་གཙང་རང་གཅུན་གྱི་བླ་ན་མེད་པའི་གཤིས་རྒྱུད་བཅས་ལ་སློབ་སྦྱོང་བྱེད་པ་ཞིག་རེད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས་པའི་ཁར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། འགག་སྒྲོལ་དཀའ་སེལ་དང་། གསར་འབྱེད་གསར་གཏོད། འཐབ་རྩོད་བྱེད་ཕོད་པ། འཐབ་རྩོད་བྱེད་མཁས་པ་བཅས་བྱས་ནས་དུས་རབས་ལ་དེ་བས་ངོ་གནོང་མི་དགོས་པ་དང་། མི་དམངས་ལ་ངོ་གནོང་མི་དགོས་པ། སྔོན་བྱོན་པར་ངོ་གནོང་མི་དགོས་པ་བཅས་ཀྱི་བྱས་རྗེས་གསར་པ་ཧུར་ཐག་བཏོད་དེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་གསུངས་པ་རེད།