《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月09日

རི་པིན་གྱི་སྨྱན་སྦྱོར་གྱིས་བརྗོད་དོན།

ཀྲུང་གོའི་རིག་ལྡན་གྲོང་ཁྱེར་བྱ་འཕུར་བ་ལྟར་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་གྱི《དཔྱད་གཞིའི་གསར་འགྱུར》ཐོག་རི་པིན་གྱི《ཕུའུ་ཧྲི་ཐོན་ལས་དཔལ་འབྱོར་གྱི་ཚོང་འཕྲིན》ཐོག་གི《རིག་ལྡན་གྲོང་ཁྱེར་བྱ་འཕུར་བ་བཞིན་འཕེལ་རྒྱས་འགྲོ་བཞིན་པ》ཞེས་པའི་རྩོམ་ཡིག་ཅིག་བཀོད་ཡོད། རྩོམ་ཡིག་དེའི་ནང་དོན་མདོར་བསྡུས་གཤམ་གསལ།

ཀྲུང་གོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་གྲངས་འཛིན་ལག་རྩལ་དང་ཞབས་ཞུ་མང་པོ་སྤྱད་པར་བརྟེན། མི་རྣམས་ཀྱིས་ཚན་རྩལ་གྲུབ་འབྲས་དེ་དག་རིམས་ནད་རྗེས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་ཁྱབ་གདལ་ཡོང་རྒྱུའི་འདུན་པ་འཆང་བཞིན་ཡོད། ཀྲུང་གོས་གོང་གསལ་ལག་རྩལ་དེ་དག་དེང་རབས་ཅན་གྱི་གྲོང་ཁྱེར་གཉེར་སྐྱོང་དང་གྲོང་མིའི་འཚོ་བར་སྟབས་བདེ་སྐྲུན་པའི་ཚད་གཞི་མཐོ་རུ་གཏོང་བའི་ཐད་སྤྱད་པར་གྲུབ་འབྲས་མི་ཉུང་བ་ཐོབ་ཡོད།

ཀྲུང་གོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ད་ཡོད་ཀྱི་གྲངས་གཞི་ཆེ་མོའི་ལས་སྟེགས་ཕུད་གྲངས་འཛིན་ལག་རྩལ་དང་ཞབས་ཞུ་གསར་པ་མང་པོ་སྤྱད་ཡོད། ཀྲུང་གོས“ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་ཆ་འཕྲིན་མ་ལག”བརྒྱུད་གྲངས་གཞི་ཆེ་མོ་སྤྱད་དེ་ནད་གཞི་གཏན་འཁེལ་བྱུང་བའི་ནད་པར་ལྟ་ཞིབ་ཚད་ལེན་དང་མི་མང་པོར་རིམས་ནད་འགོ་བའི་དོན་རྐྱེན་གྱི་བརྟག་དཔྱད་ལས་དོན་སྤེལ་བ་མ་ཟད། ལས་སྟེགས་ཆེ་མོར་བརྟེན་ནས་རིམས་ནད་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་སྟེ་སྤྱི་དམངས་ཀྱི་དོགས་ཟོན་འདུ་ཤེས་ཟབ་ཏུབཏང་ཡོད།

མི་མང་པོ་མཉམ་འཛོམས་མི་ཡོང་བའི་ཆེད། མིའི་ཚབ་བྱས་པའི་ཞབས་ཞུ་གསར་པ་ཁག་གཅིག་ཁྱབ་གདལ་བྱུང་ཡོད། ཀྲེ་ཅང་ཞིང་ཆེན་གྱིས་མི་མེད་གནམ་གྲུས་སྨན་བཅོས་དངོས་ཟོག་སྐྱེལ་བའི་ཚོད་ལྟ་བྱས་པ་མ་ཟད། ཟ་ཁང་ནང་འཕྲུལ་མིས་འགྲུལ་པར་ཚལ་སྐྱེལ་བའི་ཞབས་ཞུ་གསར་སྤེལ་བྱས་ཏེ་མི་དང་མིའི་དབར་གྱི་ཐད་ཀའི་འབྲེལ་གཏུག་གང་ཉུང་ཉུང་ཡོང་བ་བྱས་ཡོད།

ཀྲུང་གོར་གྲངས་འཛིན་ཅན་གྱིས་འཚོ་བ་དངོས་ནང་སྟབས་བདེ་བསྐྲུན་པའི་དཔེ་མཚོན་ཇེ་མང་དུ་འགྲོ་བཞིན་ཡོད། ལང་ཧྥང་དུ་མི་རྣམས་ཀྱིས་དྲ་ཐོག་ལས་སྟེགས་ལ་བརྟེན་ནས་ཆུ་ཚོད་24ནང་སྔོ་ཚལ་ཞིང་ར་ནས་ཐད་ཀར་སྡེ་ཁུལ་ལ་སྐྱེལ་རྒྱུ་རིམ་བཞིན་མངོན་འགྱུར་བྱུང་བས། སླད་ཕྱིན་དམངས་ལ་ཕན་པ་བསྐྲུན་པའི་ཞབས་ཞུ་དེ་བས་མང་བ་སྔ་རྗེས་སུ་ཐོན་རྒྱུ་རེད། (པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)