《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月08日

འཚོ་བར་དྲོ་སྐྱིད་ལྡན། ལས་ཀའི་སེམས་ཤུགས་འཕེལ།

—— ཀོང་པོ་རྒྱ་མདའ་རྫོང་གི་ཞིང་འབྲོག་པ་བརྒྱད་ཀྱི་ཀོང་ཏུང་གི་ལས་ཀ་དང་འཚོ་བའི་སྐོར་བཀོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཀྲང་མོང་དང་། འཕྲིན་སྤེལ་བ། ཙེང་མེ།

ཕྱིར་གླ་པར་སྐྱོད་མཁན་ཚང་མར་ལས་གཏོད་ཀྱི་གོ་སྐབས་མང་བ་དང་། རྩལ་ནུས་ལག་རྩལ་འཐུས་སྒོ་ཚང་བ། འཚོ་བའི་ཐོབ་ཐང་སྔར་བས་ལེགས་པ་བཅས་ཀྱི་ཕུགས་འདུན་འདྲ་མིན་སྣ་ཚོགས་ཡོད།

ཞོགས་པའི་ཆུ་ཚོད་བདུན་པར། བློ་བཟང་མཁས་གྲུབ་རྒྱུན་གཏན་ལྟར་ཞོགས་ཟས་སྟབས་བདེ་ཞིག་བཟས་རྗེས་གཞུང་ལས་ཁང་དུ་བསྐྱོད་དེ་འབྱོར་ཐོ་འགོད་པ་དང་དཔྱད་གཞིའི་ཡིག་ཆ་ལེགས་སྒྲིག་སོགས་བྲེལ་འཚུབ་ཆེ་བའི་ཉིན་གཅིག་གི་ལས་ཀ་འགོ་ཚུགས། དུས་ཡུན་ཟླ་གཅིག་ལྷག་ཙམ་གྱི“ལས་ཀས་སྦྱོང་བརྡར་འཐུས་པའི”འཚོ་བ་བརྒྱུད་ཀོང་པོ་རྒྱ་མདའ་གྲོང་རྡལ་ཙི་དཀར་གྲོང་ཚོ་ནས་ཡིན་པའི་བློ་བཟང་མཁས་གྲུབ་ཀོང་ཏུང་ཀྲུང་ཧྲན་གྱི་ལས་ཀ་ལས་སྟངས་དང་འཚོ་བ་སྐྱེལ་སྟངས་ཡོངས་སུ་གོམས།

“ང་རང་ན་ནིང་ཟླ་11པར་འདི་གར་ཡོང་བ་ཡིན། ཐོག་མར་འདི་གའི་ཁོར་ཡུག་དང་། བཟའ་བཏུང་། གནམ་གཤིས། ལས་ཀ་སོགས་དེ་ཙམ་གོམས་ཀྱི་མི་འདུག རྗེས་སུ་འགོ་ཁྲིད་དང་ལས་རོགས་ཚོའི་སེམས་ཁུར་དང་རོགས་རམ་འོག་རིམ་བཞིན་གོམས་བྱུང་། ད་ལྟ་ང་རང་གཞུང་ལས་ཁང་གི་ལས་ཀ་བྱེད་ཀྱི་ཡོད། གླ་ཕོགས་དང་ཐོབ་ཐང་ཚང་མ་ཡག་པོ་ཡོད་པ་མ་ཟད། ད་དུང་བཟའ་སྡོད་ཀྱང་འགན་ལེན་འདུག ལས་ཀ་དང་འཚོ་བ་ཡག་པོ་འདུག་ལ། ཤེས་བྱ་ཡང་མང་པོ་ཞིག་སྦྱོང་རྒྱུ་བྱུང་ནས་ཡིག་ཆ་འབྲི་བའི་རྨང་གཞི་དེ་བས་ཡག་ཏུ་ཕྱིན་པ་དང་། གཞན་ལ་བསྟུན་མཁས་བྱེད་སྟངས་སོགས་སྔར་བས་ལེགས་སུ་ཕྱིན་ནས་རང་ཉིད་ཐོག་མར་དེ་གར་གླ་པར་ཡོང་བའི་འདུན་པ་ཆུད་ཟོས་སུ་ཕྱིན་མ་སོང”ཞེས་ལོ་ན་ཆུང་ཤོས་ཡིན་པའི་བློ་བཟང་མཁས་གྲུབ་ཀྱིས་བརྗོད།

“བོད་ཟླ་བཅུ་པའི་ཚེས་གཅིག་ཉིན་ནི་ང་ཚོ་ཀོང་པོའི་ལོ་གསར་རེད། གཞན་ཡུལ་འགྲིམ་སྐབས་ང་ཚོ་ཀོང་པོའི་ལོ་གསར་ཤེས་མཁན་མེད་སྙམ་ཡང་ཀྲུང་ཧྲན་གྱི་གཅེན་གཅུང་སྤུན་ཟླ་ཚོས་ང་ཚོར་ཤིང་ཏོག་སོགས་བསྐྱལ་བ་མ་ཟད། ང་ཚོ་དང་མཉམ་དུ་ལོ་གསར་ཡང་བཏང་སྟེ། ནང་མི་ཚོ་དང་མཉམ་དུ་ལོ་གསར་བཏང་བའི་སྣང་བ་ཞིག་ངང་གིས་འཆར་བས། དངོས་འབྲེལ་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་ཀྲུང་གོ་འགྲིམ་འགྲུལ་ལམ་བཟོའི་ཀུའུ་ཀྲེན་གྲོང་རྡལ་མྱུར་ཐིག་རྣམ་གྲངས་སུ་ལས་ཀ་བྱེད་བཞིན་པའི་བཀྲ་ཤིས་ཀྱིས་འཛུམ་དམུལ་དམུལ་ངང་བཤད།

2020ལོའི་ཟླ་11པར་ཀོང་པོ་རྒྱ་མདའ་གྲོང་རྡལ་ཙི་དཀར་གྲོང་ཚོ་ནས་ཡིན་པའི་གླ་པ་བརྒྱད་པོ་ཀྲུང་ཧྲན་དུ་དུས་ཡུན་ཟླ་3རིང་གི“ལས་ཀས་སྦྱོང་བརྡར་འཐུས་པའི”ལམ་དུ་ཞུགས། འཁྱུག་ཙམ་ཞིག་ལ་2021ལོ་འཆར་བ་དང་། ཁོ་ཚོས་རང་རང་སོ་སོའི་ལས་ཀ་བྱང་ཆུབ་པ་མ་ཟད། ལས་རོགས་ཚོ་དང་ཕན་ཚུན་འཆམ་པོ་བྱས་ནས་ས་གནས་དེ་གའི་འཚོ་བ་རིམ་བཞིན་གོམས། ཁོ་ཚོས་ས་གནས་དེ་གའི་ལས་རོགས་ཚོའི་ས་ནས་ཚ་ལ་རྒྱག་སྟངས་དང་། ཚད་འཇལ། འཕྲུལ་ཆས་བཀོལ་སྤྱོད་སོགས་གོ་ཆོད་ལག་རྩལ་གྱི་བཟོ་རྩལ་སྦྱངས་པ་མ་ཟད། ཀོང་པོ་དང་དེ་བཞིན་བོད་ཀྱི་ཡུལ་སྲོལ་གོམས་འདྲིས་དང་། རྒྱུན་གཏན་གྱི་འཚོ་བ་སོགས་ཚང་མར་ངོ་སྤྲོད་ཀྱང་བྱེད་ཀྱི་ཡོད།

ཀྲུང་ཧྲན་གྲོང་ཁྱེར་མི་སྤྱི་ཅུས་གཞུང་ལས་ཁང་གི་འགན་འཁུར་བས་གསར་འགོད་པར། ཕོ་གཞོན་དེ་ཚོར་ལས་ཀ་བྱེད་སེམས་དང་། ཧུར་སེམས། ངར་ཤུགས་བཅས་ཆེན་པོ་འདུག་ལ། བརྩོན་སེམས་དང་འགྲན་སློང་བྱེད་ཕོད་ཀྱི་འདུག “སྦྱོང་བརྡར་བྱས་པ་བརྒྱུད་ཁོ་ཚོ་འཚར་ལོངས་དང་ཡར་རྒྱས་ཆེན་པོ་བྱུང་འདུག་པས། འབྱུང་འགྱུར་དེ་བས་ལེགས་སུ་འགྲོ་རྒྱུར་ཡིད་ཆེས་ཆེན་པོ་ཡོད”ཅེས་བརྗོད།

ཀྲུང་ཧྲན་གྲོང་ཁྱེར་གྱིས་གདེང་འཇོག་ཡག་པོ་བྱས་པ་ལས་ཁོ་ཚོར་སྐུལ་མ་ཆེན་པོ་ཐེབས་ཡོད། “ང་ཚོས་སྔར་བཞིན་ཐོག་མའི་བསམ་འདུན་མཐའ་འཁྱོངས་ཀྱིས་སྦྱངས་པའི་རྩལ་ནུས་ཕ་ཡུལ་དུ་ཁྱེར་ནས་གཉེན་ཉེ་དང་གྲོགས་པོ་གྲོགས་མོ་ཚོར་བསླབས་ཏེ་ཕ་ཡུལ་འཛུགས་སྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ཕྲན་བུ་སྐྱེས་སུ་འབུལ་རྒྱུ་ཡིན”