《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月04日

སྐྱེ་ཁམས་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་ཁྲི་14.51གི་ལས་མིས“གཙང་གསུམ་ཆུ་འགོ”སྲུང་སྐྱོང་བྱེད་པ།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་2ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱི“ཚོགས་འདུ་གཉིས”ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་དུ་སྐྱེ་ཁམས་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་ཁྲི་14.51བཀོད་སྒྲིག་བྱས་ནས“གཙང་གསུམ་ཆུ་འགོ”སྲུང་སྐྱོང་བྱས་ཏེ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ“དུད་ཚང་རེར་ལས་གནས་རེ་ཡོད་པ”མངོན་འགྱུར་བྱུང་ཡོད།

མཚོ་སྔོན་ནི་མཚོ་བོད་ས་མཐོའི་ལྟེ་བར་གནས་པས“གཙང་གསུམ་ཆུ་འགོ”དང“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་འབོད་ཀྱི་ཡོད་ལ་སྐྱེ་ཁམས་ཀྱི་གནས་བབ་གལ་ཆེ་ཞིང་དམིགས་བསལ་དོད་པོ་ཡོད། མཚོ་སྔོན་ཞིང་ཆེན་ནགས་ཚལ་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་ནན་གྱིས། མཚོ་སྔོན་གྱིས་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་འབབ་རྒྱུད་ཞིང་ཆེན་གྱིས་ཐུན་མོང་ཐོག་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མཉམ་སྐྲུན་མཉམ་སྤྱོད་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན། ཞིང་ཆེན་ཡོངས་སུ་རྩྭ་ཐང་དང་། ནགས་ཚལ། འདམ་ར་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་ཁྲི་14.51བཀོད་སྒྲིག་བྱས་པ་དང་། སྐྱེ་ཁམས་བདག་སྐྱོང་བ་ཁྲི་1.72ལ་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.16རག་གི་ཡོད་པས་ཞིང་འབྲོག་པར་སྐྱེ་ཁམས་ལས་ཕན་པ་ཐོབ་ཡོད། 2020ལོར་མཚོ་སྔོན་གྱིས་སྐྱེ་ཁམས་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ཞིང་འབྲོག་པར་རིགས་ཁག་གི་མ་དངུལ་སྒོར་དུང་ཕྱུར་18.75ཐད་ཀར་ཁ་གསབ་སྤྲད་ཡོད།

2021ལོའི་མཚོ་སྔོན་གྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དེ་བས་བརྟན་དུ་བཏང་ཡོད། འདམ་རའི་རྒྱ་ཁྱོན་བརྟན་པོའི་ངང་རྒྱལ་ཡོངས་ཀྱི་ཨང་དང་པོར་གནས་པ་དང་ཁུ་ཁུ་ཤིས་རི་འཛམ་གླིང་ཤུལ་བཞག་ལ་འདུན་ཞུ་ལེགས་གྲུབ་བྱུང་སྟེ་རང་རྒྱལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་དུ་གྱུར་བ་དང་། མཚོ་སྔོན་པོའི་ཆུ་ཁོངས་ཀྱི་རྒྱ་ཁྱོན་ལོ་རེ་བཞིན་ཆེ་རུ་འགྲོ་བ། ཙོང་ཉའི་ཐོན་ཁུངས་གསོག་ཚད་དེ་སྲུང་སྐྱོང་མ་བྱས་གོང་ལས་ལྡབ་38འཕར་བ། མཚོ་སྔོན་གྱི་ནགས་ཚལ་ཁྱབ་ཁྱོན་6.3%ནས་7.5%བར་ཆེ་རུ་ཕྱིན་པ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་57.4%ཟིན་པ། གཙོད་ཉུང་ཤོས་སྐབས་མགོ་གྲངས་ཁྲི་2ཡང་མ་ཟིན་པ་ནས་མགོ་གྲངས་ཁྲི་7ཙམ་དུ་སླར་གསོ་བྱུང་ཡོད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། བསྟན་འཛིན་བློ་གྲོས་ཀྱིས་ཞུས)