《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月04日

ཚན་ཞིབ་འགག་སྒྲོལ་དམག་འཐབ་བརྒྱབ། འབབ་འཕར་ཐབས་ལམ་གསར་པ་བཏོད།

—— བོད་ལྗོངས་ཀྱི་སྒོང་བྱའི་རྒྱུད་པ་གསར་པ་ཐོག་མ་དེ་གསོ་སྤེལ་ཐུབ་པའི་སྐོར་བཀོད་པ།

2021ལོའི་ཟླ་1ཚེས་8ཉིན། ཞིང་ལས་གྲོང་གསེབ་པུའུ་ཡི་དྲ་ཚིགས་ཐོག་ཡོངས་བསྒྲགས་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་གྲོང་གསེབ་པུའུ་ཡི་སྤྱི་བསྒྲགས་ཨང་381》ཐོག་མངོན་གསལ། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་འབྲོག་ལས་ཕྱུགས་སྨན་ཞིབ་འཇུག་སུའོ་དང་། ལྷ་ས་གྲོང་ཁྱེར་བྱ་རིགས་རྒྱུད་བཟང་ཞིབ་འཇུག་སྲུང་སྐྱོང་ཁྱབ་གདལ་ལྟེ་གནས། ཀྲུང་གོ་ཞིང་ལས་སློབ་ཆེན་བཅས་ཀྱིས་ཐུན་མོང་ཐོག་གསོ་སྤེལ་བྱས་པའི“གངས་ལྗོངས་བྱ་དེ་དཀར་པོ”མིང་གྲལ་དུ་ཚུད་དེ་བོད་ལྗོངས་ཀྱིས་རང་བརྟེན་གསོ་སྤེལ་བྱས་པའི་སྒོང་བྱའི་རྒྱུད་པ་གསར་པ་ཐོག་མ་དེར་གྱུར་ནས་བོད་བྱའི་རྒྱུད་པ་གསོ་སྤེལ་ཐད་ཚད་བརྒལ་འགངས་ཆེན་བྱུང་བ་རེད།

དེ་ཐོག་ནས“གངས་ལྗོངས་ཀྱི་བྱ་དེ་དཀར་པོ”དེ་རྒྱལ་ཁབ་རིམ་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་པ་གསར་པར་དངོས་སུ་གྱུར་བ་དང“འཕན་པོའི་བལ་ཕྱེད་འཇམ་ལུག”དང“ཞང་ཞུང་གི་བལ་ཕྱེད་འཇམ་ལུག”རྗེས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་པའི་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གིས་ཞིབ་དཔྱད་གཏན་འཁེལ་བྱས་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་པ་གསར་པ་གསུམ་པ་དེར་གྱུར་བ་རེད། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་འབྲོག་ལས་ཕྱུགས་སྨན་ཞིབ་འཇུག་སུའོ་ཡི་བོད་བྱ་ཞིབ་འཇུག་ཚོགས་ཆུང་གི་འགན་འཁུར་བ་མཱ་ཞུའེ་དབྱིང་གིས“རྒྱུད་པ་དེ་ནི‘ལྷ་སའི་བྱ་དེ’དཀར་པོ་ཡིན་པ་དང་སྙན་ཞུ་འབུལ་སྐབས་ཞིབ་ཕྲའི་ས་མིང་སྤྱོད་མི་ཆོག་པ་དང་ས་ཁོངས་མཚོན་རྟགས་སུ་བྱེད་མི་ཆོག་སྟབས‘གངས་ལྗོངས་བྱ་དེ་དཀར་པོ’ཞེས་མིང་བསྒྱུར་ཡོད”ཅེས་བཤད་པ་དང་། 1990ལོར“གངས་ལྗོངས་ཀྱི་བྱ་དེ་དཀར་པོའི”རྒྱུད་པ་གསོ་སྤེལ་གྱི་ལས་དོན་ནང་ཞུགས་པའི་བུད་མེད་ཚན་རྩལ་ལས་དོན་པ་དེས་ཞིང་ལས་གྲོང་གསེབ་པུའི་དྲ་ཚིགས་ཐོག“གངས་ལྗོངས་བྱ་དེ་དཀར་པོའི”སྤྱི་བསྒྲགས་དངོས་སུ་སྤེལ་བ་མཐོང་རྗེས་ད་གཟོད་ཁུར་པོ་ལྕི་པོ་ཞིག་ཕབ་པ་ལྟར་གྱི་ཚོར་སྣང་བྱུང་།

གོམ་པ་དང་པོ་སྤོ་བ། ཁྲོམ་རར་སྒོ་ང་དཀོན་པ།

བོད་བྱ་ནི་བོད་ལྗོངས་ཀྱི་འབྲོག་ལས་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་གྲས་ཤིག་ཡིན་ཞིང་། དུས་ཡུན་རིང་པོའི་ནང་བོད་རང་སྐྱོང་ལྗོངས་ཀྱི་ས་མ་འབྲོག་ཁུལ་དུ་གསོ་སྤེལ་བྱེད་པའི་རྒྱུད་པ་གཙོ་བོ་ཡིན་པ་དང་དེ་ནི་ཞིང་འབྲོག་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་འཕར་བའི་ཐབས་ལམ་གཙོ་བོ་རེད། འོན་ཀྱང་བོད་བྱའི་སྐྱེ་འཚར་དུས་འཁོར་རིང་བ་དང་ཐོན་སྐྱེད་ནུས་པ་ཆུང་བ་སོགས་ཀྱི་རྐྱེན་པས་གཞི་ཁྱོན་ཆེ་བའི་གསོ་སྤེལ་མི་ཐུབ་པ་དང་ཁྲོམ་རར་སྒོ་ང་མི་འདང་བར་བརྟེན་ནང་སའི་ཞིང་ཆེན་ནས་དབོར་དགོས་ཀྱི་ཡོད།

1958ལོར་བོད་བྱའི་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་ཆེད་རང་ལྗོངས་ཀྱིས་ནང་ས་ནས་སྤུས་ལེགས་སྒོང་བྱའི་རྒྱུད་པ་ཐོག་མ—“ལའེ་ཧང་བྱ་དེ་དཀར་པོ”ནང་འདྲེན་ཐེངས་དང་པོ་བྱས་ཏེ། མཐུན་འཕྲོད་རང་བཞིན་དང་རྒྱུད་སྤེལ་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་གསོ་སྤེལ་ཚོད་ལྟ་བྱས་པ་རེད།

“ལའེ་ཧང་བྱ་དེ་དཀར་པོ་བདམས་དོན་ནི་དེའི་གཟུགས་ཚད་ཆེ་ཆུང་འཚམ་པ་དང་། ཐོན་སྐྱེད་ནུས་པ་ཆེ་བ། མཐུན་འཕྲོད་རང་བཞིན་ཆེ་བ་བཅས་ཡོད་པས་རེད”ཅེས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་འབྲོག་ལས་ཕྱུགས་སྨན་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་པ་སངས་དབང་འདུས་ཀྱིས་བཤད་པ་དང“དུས་རབས་གོང་མའི་ལོ་རབས་50པར་རྒྱལ་ཁབ་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་པ་དང་སྐབས་དེ་དུས་བོད་སྐྱོར་སོགས་བརྒྱུད་ནང་སའི་སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་ཁུངས་མང་པོ་འཁྱེར་ཡོང་ཞིང་། ལའེ་ཧང་བྱ་དེ་དཀར་པོ་ནི་དེའི་གྲས་ཤིག་རེད”ཅེས་བཤད།

རྒྱུད་འདྲེས་གསར་གཏོད་དང་རང་སྤེལ་འདེམས་གསོ་བྱས་པ་བརྒྱུད། 1964ལོར་འདེམས་གསོ་བྱས་པའི་བྱ་དེ་དཀར་རྐྱང་རྒྱུད་འདྲེས་བྱས་རྗེས་ཀྱི་བྱ་ཕྲུག་ལ“ལྷ་སའི་བྱ་དེ་དཀར་པོ”ཞེས་མིང་བཏགས།

1978ལོ་ནས་1983ལོ་བར་རྒྱུད་པ་ལྔ་ཡི་རང་ཁྱུ་གསོ་སྤེལ་དང་འདེམས་གསོ་ལེགས་གཏོང་བྱས་པ་བརྒྱུད། “ལྷ་སའི་བྱ་དེ་དཀར་པོའི”མཐུན་འཕྲོད་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་མོད། འོན་ཀྱང་ཐོན་སྐྱེད་ནུས་པ་སྔར་བཞིན་ཆེན་པོ་དེ་ཙམ་མེད་པ་དང་སྤུ་མདོག་ཁྲ་ཁྲ་དང་སྒོ་ང་རུམ་པ་སོགས་ཀྱི་གནད་དོན་ཐོན་ཡོད། ཞན་ཆ་དེ་དག་བསལ་ཆེད་1984ལོར་སླར་ཡང་ལའེ་ཧང་བྱ་དེ་དཀར་པོའི་ཁྲག་རྒྱུན་བླུགས་པས་དེ་སྔའི་ཞན་ཆ་ཆུང་དུ་ནུས་ལྡན་ཕྱིན་པ་དང་སྔོན་དཔག་གི་ཕན་འབྲས་ཐོན་པ་རེད། ལོ་དེར་གསོ་སྤེལ་ཇུས་གཞི་དང་གསོ་སྤེལ་སྟོན་རྟགས་དངོས་སུ་བཟོས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་སྒོང་བྱ་གསོ་སྤེལ་གྱི་རྒྱུད་པ་གསར་པར་ཁ་ཕྱོགས་ནས་བརྒྱུད་རིམ་ལྡན་པའི་འདེམས་གསོ་བྱེད་འགོ་ཚུགས། 1990ལོར། བོད་རང་སྐྱོང་ལྗོངས་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་ཁུངས་ཨུ་ལྷན་གྱིས་འདེམས་གསོ་བྱས་འབྲས་དེ“ལྷ་སའི་བྱ་དེ་དཀར་པོའི”ཡང་བའི་རིགས་ཀྱི་སྒོང་བྱའི་རྒྱུད་པའི་རིགས་སུ་ཞིབ་དབྱེ་བྱས་པ་རེད། 1991ལོར་བོད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་1992ལོར་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་གསུམ་པ་ཐོབ་པ་རེད།

འགག་སྒྲོལ། ཞིབ་འཇུག་ཐད་འགལ་རྐྱེན་མང་བ།

2005ལོར“གངས་ལྗོངས་བྱ་དེ་དཀར་པོའི”རྒྱུད་སྤེལ་ལས་དོན་ལ་རྒྱལ་ཁ་ཐོབ་མཚམས་སུ་གློ་བུར་དུ་ཐོན་པའི་བྱ་རིགས་ཀྱི་ཆམ་རིམས་ལས་གྲུབ་འབྲས་ཚང་མ་ཧ་ལམ་མེད་པར་གྱུར།

“ང་ཚོས་ལྷོ་ཁ་དང་ལྷ་ས་སོགས་ཀྱི་ཐག་རིང་ས་ཆ་ཁ་ཤས་ནས་དེ་ཕོ་ཁྱོན་1000ལྷག་ཙམ་བསྡུས་ཡོད”ཅེས་མཱ་ཞུའེ་དབྱིང་གིས་བཤད།

2006ལོ་ནས་2012ལོའི་བར“གངས་ལྗོངས་བྱ་དེ་དཀར་པོ”ཚང་མ་གསོ་སྤེལ་ཁྱུ་ཚོགས་ཀྱི་གྲངས་འབོར་ཁ་གསབ་བྱས་པ་དང་འབྲེལ་རྨང་གཞིའི་ཁྱུ་ཚོགས་གསར་དུ་འཛུགས་པ་སོགས་ཀྱི་ལས་དོན་སྤེལ་ཡོད། དེའི་རིང་གྲོན་དངུལ་ཉུང་བའི་གནད་དོན་འཕྲད་པ་མ་ཟད་ད་དུང་གསོ་སྤེལ་རྟེན་གཞི་སྤོ་དགོས་པ་སོགས་ཀྱི་གནད་དོན་ཡང་འཕྲད།

“གངས་ལྗོངས་བྱ་དེ་དཀར་པོའི”གསོ་སྤེལ་བྱ་ཡུལ་དེ་སྔ་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་འབྲོག་ལས་ཕྱུགས་སྨན་ཞིབ་འཇུག་སུའོ་ནས་ཉིང་ཁྲིར་སྤོས་པ་དང་། སླར་ཡང་སྟག་རྩེ་ཆུས་ཀྱི་ཆུ་གཉིས་བར་ཕྱོགས་བསྡུས་ཚོད་ལྟའི་རྟེན་གཞིར་སྤོས་པ། 2018ལོའི་ཟླ་6པར་སླར་ཡང་སྟག་རྩེ་ཆུས་ཐང་དཀར་ཤང་དུ་སྤོས་ནས་སྐོར་བ་མང་པོ་བརྒྱབ་རྗེས་2018ལོའི་ཟླ་11པར་སླར་ཡང་ལྷ་སའི་ཚལ་གུང་ཐང་ཤང་དུ་སྤོས།

“རྟེན་གཞི་ཉིང་ཁྲིར་སྤོས་རྗེས་དེ་གར་ཟླ་ཕྱེད་ཙམ་སྡོད་དགོས་པ་དང་ཆུ་གཉིས་བར་དུ་སྡོད་སྐབས་ཆར་པ་བབས་ནས་ཆུ་བོ་རྒྱས་སྐབས་རྟག་ཏུ་རླངས་འཁོར་དིམ་ནས་དོན་མི་ཐུབ་པ་ལ་སོགས”དེ་སྔའི་གནས་ཚུལ་དྲན་གསོ་བྱེད་སྐབས་མཱ་ཞུའེ་དབྱིང་གིས་དེ་དག་ཐམས་ཅད་བྱེད་རིན་ཡོད་པ་ཞིག་ཡིན་པ་དང་། “གནའ་དུས་མོང་ཙིའི་ཡུམ་གྱིས་གནས་ཐེངས་གསུམ་སྤོས་པ་དང་དེང་དུས་ངས་གནས་སྤོ་ཐེངས་བཞི་བྱས་མོད་མཐར་ཐུག་དམིགས་ཡུལ་འགྲུབ་ཚེ་འགྲིག་པ་དང་དོན་བཟང་འགྲུབ་པར་འཁོན་ཐོགས་མང་ཞེས་པ་ལྟར་རེད”ཅེས་བཤད།

གསོ་སྤེལ་ལམ་ལྷོངས་བྱུང་བ། ཕྱུག་འགྱུར་གྱི་ཐབས་མཆོག་གསར་པར་འགྱུར་བ།

2013ལོར《ལྷ་སའི་བྱ་དེ་དཀར་པོའི་རྒྱུད་པ་གསར་པ་གསོ་སྤེལ》གྱི་རྣམ་གྲངས་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་བཙུགས་པ་དང་། རྒྱུད་པ་གསར་པ་ཞིབ་བཤེར་གཏན་འབེབས་ཀྱི་བླང་བྱ་གཞིར་བཟུང་འདེམས་གསོའི་ལག་རྩལ་དང་གསོ་ཚགས་དོ་དམ་སོགས་ཐད་ནས་གསོ་སྤེལ་གྱི་འགག་སྒྲོལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ཡོད།

“གྱོང་གུན་ཆེན་པོ་ཕོག་རྗེས་ལོ་རེར་ཆ་སྙོམས་འགྲོ་གྲོན་སྒོར་ཁྲི་བཅུ་གྲངས་ནས་ལོ་ལྟར་འགྲོ་གྲོན་སྒོར་ཁྲི་བརྒྱ་ཙམ་བར་འཕར་ནས་ལས་དོན་སྒྲུབ་པར་ཡང་དེ་བས་གདེང་ཚོད་ཆེ་རུ་ཕྱིན་སོང”ཞེས་ཞིབ་འཇུག་ཚོགས་ཆུང་གི་གཞོན་ནུ་ཚན་རྩལ་པ་ཕེང་ཅིང་གིས་བཤད།

“གངས་ལྗོངས་བྱ་དེ་དཀར་པོར་ས་མཐོར་མཐུན་འཕྲོད་རང་བཞིན་ཆེ་བ་དང་། སྒོ་ང་ཐོན་འབོར་མང་བ། ས་མཐོའི་མི་ཐབས་སྐྱོང་གསོ་བྱེད་ཚད་མཐོ་བ་སོགས་ཀྱི་ཁྱད་ཆོས་ཡོད། བོད་ལྗོངས་ཀྱི་རྒྱུད་པ་གཅིག་མཚུངས་དང་བསྡུར་ཚེ་དེའི་ཐོན་སྐྱེད་ནུས་པ་དང་ནད་འགོག་ནུས་པ་སོགས་ཀྱི་ཐད་ལེགས་ཆ་ཆེན་པོ་ཡོད”ཅེས་ལྷ་ས་གྲོང་ཁྱེར་གྱི་བྱ་རིགས་རྒྱུད་བཟང་ཞིབ་འཇུག་སྲུང་སྐྱོང་ཁྱབ་གདལ་ལྟེ་གནས་ཀྱི་འགན་འཁུར་བ་ཀོང་ཡུང་གིས་བཤད་པ་དང་། “གོམ་སྟབས་རྗེས་མར་འབྲེལ་ཡོད་གྲུབ་འབྲས་ཁྱབ་གདལ་དཔེ་སྟོན་བྱས་ཏེ་གསོ་སྤེལ་ཁེ་ལས་དང་མཉམ་ལས་ཁང་བརྒྱུད་བོད་རང་ལྗོངས་ཀྱི་སྒོང་བྱའི་ཐོན་ལས་གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་དུ་འཕེལ་རྒྱས་འགྲོ་རྒྱུ་རེད”ཅེས་བཤད།

“བྱ་དེ་དེ་རིགས་ནི་སྒོ་ངའི་ཐོན་འབོར་ཡིན་ནའང་འདྲ་ཡང་ན་ཤ་སྤུས་ནས་བཤད་ཀྱང་རུང་ཁྱིམ་དུ་གསོས་པའི་བྱ་དེ་ལས་དེ་བས་ཡག་པ་དང་སྒོ་ངའི་མཁོ་སྤྲོད་འདང་གི་མེད་པས་ངས་འདི་ལོར་སླར་ཡང་བྱ་དེ་ལྔ་བརྒྱ་མང་དུ་གཏོང་རྩིས་ཡོད”ཅེས་ལྷ་ས་ཆུ་ཤུར་རྫོང་མཉེས་ཐང་ཤང་རྭ་སྟོད་གྲོང་ཚོའི་གསོ་སྤེལ་དུད་ཚང་ཉི་མས་བཤད།

(བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་སྤེལ་བ་གཞིར་བཟུང)

(བསོད་བདེ་རྒན་པས་བསྒྱུར། བསོད་བདེ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)