《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月04日

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་20.26ཆེ་རུ་ཕྱིན་པ།

འདམ་ར་སྲུང་སྐྱོང་དང་འཕེལ་རྒྱས་མགྱོགས་སུ་ཕྱིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་2ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་དུས་ཚིགས་དང་པོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱིས་འདམ་ར་སྲུང་སྐྱོང་དང་ཉམས་བཟོར་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར་98.7བཀོད་སྒྲིག་བྱས་པའི་ཁྲོད། ཀྲུང་དབྱང་སྔོན་རྩིས་ཀྱི་མ་དངུལ་སྒོར་དུང་ཕྱུར་15སྤྱད་དེ་འདམ་ར་སྲུང་སྐྱོང་དང་སླར་གསོའི་རྣམ་གྲངས་53ལག་བསྟར་བྱས་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱི་འདམ་རའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་83.7སྤྱད་དེ་འདམ་རའི་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་དང་། རྨོ་བསྐྱུར་འདམ་ར་སླར་གསོ། འདམ་ར་སྲུང་སྐྱོང་དང་སླར་གསོ་བཅས་ཀྱི་ཁ་གསབ་རྣམ་གྲངས་2000ལྷག་ཙམ་ལག་བསྟར་བྱས་པས་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་20.26ཆེ་རུ་ཕྱིན་པ་དང་འདམ་ར་སྲུང་སྐྱོང་ཐུབ་ཚད་50%ཡན་ཟིན་ཡོད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས《རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་གཏན་འཁེལ་དང་མིང་ཐོ་ཡོངས་བསྒྲགས་ཀྱི་གཏན་འབེབས》བཀྲམ་སྟེ། 《2020ལོའི་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་29ཡི་མིང་ཐོ》ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་ཁག་ལ་ཞིང་ཆེན་རིམ་པའི་འདམ་ར་གལ་ཆེན་142ཁྱབ་བསྒྲགས་བྱེད་རྒྱུའི་མཛུབ་ཁྲིད་བྱས་པས། མིག་སྔར་རྒྱལ་ཡོངས་སུ་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)23གྱིས་ཞིང་ཆེན་རིམ་པའི་འདམ་ར་གལ་ཆེན་811ཁྱབ་བསྒྲགས་བྱས་པ། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)25ཡིས་ཞིང་ཆེན་རིམ་པའི་འདམ་ར་གལ་ཆེན་གཏན་འཁེལ་གྱི་ཚད་གཞི(དམིགས་ཚད)བཟོས་པ། 《སྡོང་དམར་ནགས་ཚལ་སྲུང་སྐྱོང་སླར་གསོའི་ཆེད་དོན་བྱ་སྤྱོད་འཆར་གཞི(2020ལོ་ནས་2025ལོ་བར)》བཟོས་ནས་ལག་བསྟར་བྱས་པ། རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་201གསར་བཟོ་བྱས་པས་2020ལོ་བར་རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་ཁྱོན་899ཡོད་པ། 《འདམ་རའི་སྤྱི་ཆིངས》ལག་བསྟར་ཧུར་ཐག་བྱས་ཏེ། 2018ལོར་རང་རྒྱལ་གྱིས་གོང་འབུལ་བྱས་པའི་འབྲེལ་ཡོད་འདམ་ར་ཆུང་གྲས་སྲུང་སྐྱོང་གི་གྲོས་ཆོད་འཆར་ཟིན་དེ་སྤྱི་ཆིངས་ཀྱི་གྲོས་ཆོད་ལ་གྱུར་ནས་གོ་ལ་ཧྲིལ་པོའི་འདམ་ར་ཆུང་གྲས་སྲུང་སྐྱོང་དང་སླར་གསོའི་ལས་དོན་ལ་མཛུབ་ཁྲིད་ཐུབ་པ། རང་རྒྱལ་གྱིས་མིང་འདོན་བྱས་པའི་གྲོང་ཁྱེར་6ལ་གོ་ལ་ཧྲིལ་པོའི“རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར”ཁག་དང་པོའི་མཚན་སྙན་ཐོབ་པ། 《འདམ་རའི་སྤྱི་ཆིངས》ཀྱི་སྐབས་བཅུ་བཞི་པའི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་རེ་ཞུ་ལེགས་གྲུབ་བྱུང་བ། རྒྱལ་སྤྱིའི་འདམ་ར་གལ་ཆེན་15གསར་དུ་གཏན་འཁེལ་བྱས་ཏེ། རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་སྐྱེ་ཁམས་གནས་ཚུལ་གྱི་ལོ་འཁོར་གྱི་ལྟ་ཞིབ་ཚད་ལེན་བྱས་ནས《ཀྲུང་གོའི་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་སྐྱེ་ཁམས་གནས་ཚུལ》གྱི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས་ཡོད།

(སྐལ་མཆོག་གིས་བསྒྱུར་ཅིང་པ་སངས་ཀྱིས་ཞུས)