《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月27日

བོད་ཀྱིས་2020ལོར་སྤྱི་ཕན་གཏུག་བཤེར་གྱོད་གཞི་མང་པོ་ཐག་གཅོད་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་23ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་ནས་ཤེས་རྟོགས་བྱུང་བར། 2020ལོར་བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་ལམ་ལུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ་སྤྱི་ཕན་གཏུག་བཤེར་གྱོད་གཞི་མང་པོ་ཐག་གཅོད་བྱས་པ་རེད།

བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཚབ་ཅན་ཁྲ་ཀྲང་ཞ་ཁེ་ཆིང་གིས་ངོ་སྤྲོད་བྱས་པར། 2020ལོར་བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ལྗོངས་ཡོངས་ཀྱི་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་བཟོས་པའི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཐོག་མ་དང་། རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རྩི་ཤིང་ཁྲིམས་འགལ་ངང་བཅད་པའི་དམངས་དོན་གཏུག་བཤེར་སྦྲགས་པའི་ཉེས་དོན་གཏུག་བཤེར་གྱོད་གཞི་ཐོག་མ། རིག་དངོས་སྲུང་སྐྱོང་གི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཐོག་མ་བཅས་ཐག་གཅོད་བྱས་ནས་བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱི་འགན་སྒྲུབ་སྟོང་ཆ་བསྐངས་པ་མ་ཟད། ཞིབ་དཔྱོད་ཀྱི་བཅའ་ཁྲིམས་ལྟ་སྐུལ་འགན་ནུས་ཉེས་དོན་ནས་སྤྱི་ཕན་གཏུག་བཤེར་སོགས་ཁྱབ་ཁོངས་སུ་རིམ་བཞིན་རྒྱ་སྐྱེད་པར་སྐུལ་འདེད་བཏང་ཡོད་པ་རེད།

“སྤྱི་ཕན་གཏུག་བཤེར་ཁོར་ཡུག་སྲུང་སྐྱོང་དང་། བཟའ་བཅའ་དང་སྨན་རྫས་བདེ་འཇགས། བདེ་འཇགས་ཐོན་སྐྱེད། དེ་བཞིན་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་གཞན་དག་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་ཐུབ་ངེས་རེད”ཅེས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རེན་ཝུའེ་ཏུང་གིས་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་སྐབས་དེ་ལྟར་བཤད།

འཐུས་མི་མང་པོ་ཞིག་གིས་སྤྱི་ཕན་གཏུག་བཤེར་ཐོན་པ་དེ་ཉིན་རེ་བཞིན་འཁྲུག་ཆ་དོད་དུ་སོང་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་དང་། དེས་བོད་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ཡར་རྒྱས་བྱུང་བ་མཚོན་གྱི་ཡོད། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་གྱི་འཐུས་ཚབ་ཡིན་པའི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་པའི་ཁེ་ཕན་དང་དེ་བཞིན་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་མངོན་གསལ་དོད་པའི་གནད་དོན་ལ་རང་འགུལ་ངང་དམིགས་ནས་ཐག་གཅོད་བྱེད་རོགས་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།