《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月25日

ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་ལ་གཡུར་ཟའི་འབྲས་བུ་བཏགས།

—— ཁམ་ཕུ་ཁྲེའི་རྒྱལ་ཡུམ་མོ་ཉི་ལེ་ཡིས་ཀྲུང་ཁམ་མཛའ་གྲོགས་གླིང་གི་སྒོ་མོ་ཕྱེ་བའི་དར་ཚོན་བྲེགས་པ།

ཉེ་ཆར་ཕ་ནོམ་ཕེན་གྱི་མའོ་ཙེ་ཏུང་ལམ་ཆེན་གྱི་སྒོ་རྟགས་ཨང་156པའི་ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་སྒོ་རའི་ནང་དར་ཚོན་ལྷབ་ལྷུབ་ཏུ་གཡོ་ཞིང་དགའ་སྤྲོའི་རྣམ་པས་ཁེངས་ཡོད། ཁམ་ཕུ་ཁྲེའི་རྒྱལ་ཡུམ་མོ་ཉི་ལེ་ཡིས་གདན་ཞུས་ལྟར་ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཝུན་ཐན་དང་མཉམ་དུ་ཀྲུང་ཁམ་མཛའ་གྲོགས་གླིང་གི་སྒོ་མོ་ཕྱེ་བའི་དར་ཚོན་བྲེགས་པ་རེད།

ཀྲུང་ཁམ་མཛའ་གྲོགས་གླིང་གི་རྒྱ་ཁྱོན་ཆེན་པོ་མེད་ཀྱང་སྔོ་ཐིང་ཐིང་གི་ཨ་མྲའི་སྡོང་པོ་གཉིས་ལ་སྤྱིར་བཏང་མིན་པའི་དོན་སྙིང་ལྡན་ཡོད། དེ་ནི་1967ལོའི་ཟླ་7ཚེས་19ཉིན་རྒྱལ་པོའི་ཡབ་ཤིས་ཧ་ནུའུ་ཁེ་དང་རྒྱལ་ཡུམ་མོ་ཉི་ལེ་ཡིས་ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་ལ་སྤྲད་པའི་ཕྱག་རྟགས་རེད། ཨ་མྲའི་སྡོང་པོ་དེ་གཉིས་ལོ་མང་སོང་ཡང་སྐྱེ་འཚར་ཡག་པོ་བྱུང་ནས་གཡུར་ཟའི་འབྲས་བུ་བཏགས་པ་དེ་ཐོག་ནས་ཀྲུང་ཁམ་མཛའ་གྲོགས་ཀྱི་མཚོན་ཚུལ་བཟང་པོ་མངོན་གྱི་ཡོད།

“རྒྱལ་པོའི་ཡབ་ཤིས་ཧ་ནུའུ་ཁེ་ཡིས་ཀྲུང་ཁམ་མཛའ་གྲོགས་བཏོད་པའི་རླབས་ཆེན་བྱས་རྗེས་ལ་དྲན་གསོ་ཞུས་ནས་མི་དེ་བས་མང་བ་དང་ལྷག་དོན་དུ་གཞོན་རབས་ཚོས་ཀྲུང་ཁམ་གྱི་སྲོལ་རྒྱུན་མཛའ་གྲོགས་ཤེས་རྟོགས་དང་རྒྱུན་འཛིན་ཐུབ་ཕྱིར། ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཨ་མྲའི་སྡོང་པོ་དེ་གཉིས་ལ་བརྟེན་ནས་ཀྲུང་ཁམ་མཛའ་གྲོགས་གླིང་བསྐྲུན་པ་རེད”ཅེས་ཝང་ཝུན་ཐན་གྱིས་བརྗོད།

རྒྱལ་ཡུམ་མོ་ཉི་ལེ་ཡིས། ང་ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དུ་ཀྲུང་ཁམ་མཛའ་གྲོགས་གླིང་གི་སྒོ་མོ་ཕྱེ་བའི་དར་ཚོན་འབྲེག་པར་གདན་དྲངས་པར་དགའ་ཚོར་ཆེན་པོ་བྱུང་། “རྒྱལ་པོའི་ཡབ་ཤིས་ཧ་ནུའུ་ཁེ་དང་ང་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་དང་གྲོགས་པོ་ཡག་པོ་ཞིག་ཡིན། རིང་མིན་གོང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ངར‘མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས’གནང་བྱུང་བས་སེམས་འགུལ་ཚད་མེད་ཐེབས་བྱུང་། བླ་ན་མེད་པའི་གཟི་བརྗིད་དེ་ང་གཅིག་པུར་དབང་བ་ཞིག་མིན་པར་ཁམ་ཕུ་ཁྲེའི་མི་དམངས་ཡོངས་ལ་དབང་བ་ཞིག་རེད། དེ་རིང་རྒྱལ་པོའི་ཡབ་དང་ངས་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་ལ་མཉམ་དུ་སྤྲད་པའི་ཨ་མྲའི་སྡོང་པོ་དེ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། ཡལ་འདབ་རྒྱས་པ། གཡུར་ཟའི་འབྲས་བུ་བཏགས་པ་མཐོང་སྐབས་སེམས་ནང་དགའ་ཚོར་དཔག་མེད་བྱུང་། གཞུང་ཚབ་ཆེ་མོ་ཁང་གི་སྐབས་རིམ་བྱུང་གི་ལས་དོན་མི་སྣས་བདག་སྐྱོང་ཡག་པོ་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་དང་ཁམ་ཕུ་ཁྲེའི་གོང་མ་ཚང་གིས་ཁམ་ཀྲུང་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།

ཝང་ཝུན་ཐན་གྱིས་གཞུང་ཚབ་ཆེ་མོ་ཁང་གི་ལས་མི་ཡོངས་ཀྱི་ཚབ་ཞུས་ནས་རྒྱལ་ཡུམ་མོ་ཉི་ལེ་ཡིས་མཛད་བྲེལ་ལ་མ་བལྟོས་པར་གཞུང་ཚབ་ཆེ་མོ་ཁང་ལ་འཚམས་འདྲི་གནང་བ་དང་སྐུ་ངོ་མས་མཛའ་གྲོགས་གླིང་གི་སྒོ་མོ་ཕྱེ་བའི་དར་ཚོན་བྲེགས་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། རྒྱལ་ཡུམ་མོ་ཉི་ལེ་མཆོག་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་བྱས་རྗེས་གཟེངས་རྟགས”ཐོབ་པར་སླར་ཡང་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་བགྲང་བྱ་ལྔ་བཅུ་ལྷག་ཙམ་གྱི་ཆར་རླུང་ཁྲོད་ཨ་མྲའི་སྡོང་པོ་དེ་གཉིས་སྔར་བཞིན་རྩ་བ་བརྟན་ཞིང་ལོ་མ་རྒྱས་པ་དང་ཡལ་ག་རྒྱས་པ་དེ་ཀྲུང་ཁམ་གྱི་མཛའ་གྲོགས་ལྟར་མཚུངས་ཤིང་། ལོ་རྒྱུས་དང་རྒྱལ་སྤྱིའི་འཕོ་འགྱུར་གྱི་ཚོད་བགམ་ཐེག་ནས་སྔར་བཞིན་བརྟན་པོ་ཡོད་ཅེས་བརྗོད་པ་རེད།

ཝང་ཝུན་ཐན་གྱིས། “སྔོན་བྱོན་མི་ཡིས་ཤིང་སྡོང་བཙུགས། རྗེས་རབས་པ་ཚོས་བསིལ་གྲིབ་སྤྱོད”ཅེས་པ་ལྟར་དེ་གོང་རྒྱལ་པོའི་ཡབ་ཤིས་ཧ་ནུའུ་ཁེ་དང་ཀྲུང་གོའི་འགོ་ཁྲིད་རྒན་རབས་པ་ཚོས་ཀྲུང་ཁམ་མཛའ་གྲོགས་བཏོད་པའི་དབང་གིས་ཀྲུང་ཁམ་རྒྱལ་ཁབ་གཉིས་པོ་གཞི་ནས་ད་ཆའི་གྲོགས་པོ་བློས་ཐུབ་དང་ལས་དབང་གཅིག་མཐུན་འདུས་གྲུབ་ཏུ་གྱུར་ཡོད། དེ་རིང་རྒྱལ་ཡུམ་མཆོག་སྐུ་ངོ་མ་དར་ཚོན་བྲེགས་པར་ཕེབས་ནས་མཛའ་གྲོགས་གླིང་ལ་དེ་བས་ཟབ་ཅིང་ཕུན་སུམ་ཚོགས་པའི་ནང་དོན་བསྣན་ཡོད། ཁམ་ཕུ་ཁྲེར་བཅའ་སྡོད་གཞུང་ཚབ་ཆེ་མོ་ཁང་གིས་ཨ་མྲའི་སྡོང་པོ་དེ་གཉིས་ལ་མུ་མཐུད་ནས་གཡོག་བྱེད་ཡག་པོ་བྱ་རྒྱུ་དང་ཆབས་ཅིག་མཛའ་གྲོགས་གླིང་དུ་སྡོང་ཕྲུག་གསར་པ་འདེབས་གསོ་བྱས་ནས་ཀྲུང་ཁམ་མཛའ་གྲོགས་མཚོན་པའི་ཨ་མྲའི་སྡོང་པོ་ཡུན་ནས་ཡུན་དུ་གནས་པ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་ནོམ་ཕེན་ནས་འབྱོར་བའི་གློག་འཕྲིན།

(ལྷ་དབང་གིས་བསྒྱུར། ལྷ་དབང་དང་ཚེ་ཁོས་ཞུས)