《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月25日

ཐན་ཙན་ནི་ཡའི་དཔོན་རིགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཞིང་ལས་ལག་རྩལ་མཐོ་རུ་གཏོང་རོགས་བྱས་པར་ཐུགས་རྗེ་ཆེ་ཞུས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་རེ་སི་ས་ལམ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཐན་ཙན་ནི་ཡའི་མོ་ལུའོ་ཀེ་ལུའོ་ཞིང་ཆེན་གྱི་ཧྲེང་ཀྲང་ལུའོ་ཨ་ཐ·ས་ནཱ་ལེ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཞིང་ལས་འཕེལ་རྒྱས་གཏོང་བའི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་ཐན་ཙན་ནི་ཡར་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཕྱོད་དང་ཐོན་འབབ་མཐོ་རུ་གཏོང་རོགས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།

ས་ནཱ་ལེ་ཡིས་ཉིན་དེའི“ལག་རྩལ་ཆུང་ཡང་ཐོན་འབབ་ཆེ་བའི”ཨ་ཤོམ་ཐོན་ཚད་མང་དུ་གཏོང་བའི་ཐན་ཙན་ནི་ཡ་དང་ཀྲུང་གོའི་མཉམ་ལས་རྣམ་གྲངས་ཀྱི་དྲ་ཐོག་སྤེལ་རེས་ཚོགས་འདུའི་ཐོག་ཀྲུང་གོ་ཞིང་ལས་སློབ་ཆེན་གྱིས་མོ་ལུའོ་ཀེ་ལུའོ་ཞིང་ཆེན་དུ་ཨ་ཤོམ་ཐོན་ཚད་མང་དུ་གཏོང་བའི་རྣམ་གྲངས་གཉེར་རིང་། ས་གནས་སུ་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་མཁན་གསོ་སྦྱོང་བྱས་པ་དང་ཞིང་དུད་ལ་ཞིང་ལས་ལག་རྩལ་བསླབས་ཏེ་ཞིང་པར་ཐོན་སྐྱེད་ཀྱི་མ་གནས་ཆུང་དུ་གཏོང་བའི་ཐོག་ནས་ཨ་ཤོམ་འདེབས་རྒྱུར་རོགས་རམ་དང་། ཞིང་ལས་ཐོན་སྐྱེད་ཀྱི་ལས་ཕྱོད་དང་ཐོན་འབབ་མཐོ་རུ་བཏང་སྟེ་ཞིང་པར་འབབ་འཕར་ཡོང་བ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད།

ཐན་ཙན་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཁེས་ཞིང་ལས་ཀྱི་མཉམ་ལས་ཐད། ཐན་ཙན་ནི་ཡ་ནི་ཀྲུང་གོའི་རོགས་ཟླ་བཟང་པོ་ཞིག་ཡིན་པས། ཀྲུང་གོ་ཞིང་ལས་སློབ་ཆེན་དང་མོ་ལུའོ་ཀེ་ལུའོ་ཞིང་ཆེན་དབར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཀྲུང་གོའི་ཞིང་ལས་ལག་རྩལ་གྱི་ཕན་པ་ཐན་ཙན་ནི་ཡའི་དམངས་ཚོགས་དེ་བས་མང་བར་ཐོབ་པར་བྱས་པ་དེས་ཐན་ཙན་ནི་ཡའི་འབྲུ་རིགས་ཐོན་འབབ་སྔར་བས་མང་དུ་སོང་ནས་འབྲུ་རིགས་བདེ་འཇགས་སྲུང་སྐྱོང་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད།

ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཏུའུ་ཐའེ་ཧྲེན་གྱིས“ལག་རྩལ་ཆུང་ཡང་ཐོན་འབབ་ཆེན་པོ”བྱུང་བ་ནི་ཕྱོགས་གཉིས་པོས་མཉམ་དུ་འབད་བརྩོན་བྱས་པའི་འབྲས་བུ་ཞིག་རེད། ཨ་ཤོམ་ཐོན་ཚད་མང་དུ་གཏོང་བའི་ཀྲུང་གོ་དང་ཐན་ཙན་ནི་ཡའི་མཉམ་ལས་རྣམ་གྲངས་ལེགས་གྲུབ་བྱུང་བ་དེས་ཐན་ཙན་ནི་ཡའི་ཨ་ཤོམ་འདེབས་འཛུགས་ཀྱི་ལག་རྩལ་མཐོ་རུ་གཏོང་བའི་ཐད་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་མཁན་གྱི་ནུས་པ་གལ་ཆེན་ཐོན་ཞིང་། རྣམ་གྲངས་ནང་ཞུགས་མཁན་ཞིང་དུད་ལ་ཨ་ཤོམ་ཐོན་ཚད་མང་དུ་གཏོང་བའི་ཁྲོད་ནས་ཕན་པ་ཐོབ་པ་ལས་མི་རྩ་བར་འཛིན་པའི་ཀྲུང་གོ་དང་ཐན་ཙན་ནི་ཡ་དབར་གྱི་མཉམ་ལས་མངོན་ཡོད་ཅེས་བརྗོད་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། བསྟན་འཛིན་བཟང་མོ་དང་པ་ཚེས་ཞུས)