《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月25日

ཐན་ཏེ་སའེ་ཡིས་བརྗོད་དོན།

རྒྱལ་ཁབ་ཁག་གིས་ཏོག་གསར་གློ་ཚད་རིམས་ནད་ཁྲོད་ནས་བསླབ་བྱ་ཁག་གསུམ་ལེན་དགོས།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཐན་ཏེ་སའེ་ཡིས་ཏོག་གསར་གློ་ཚད་རིམས་ནད་རྒྱུན་མཐུད་ངང་ཁྱབ་ནས་དུས་ཡུན་ལོ་གཅིག་འཁོར་བ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཡོངས་དང་དེ་བཞིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་རང་ངོས་ཀྱིས་རིམས་ནད་ཁྲོད་ནས་བསླབ་བྱ་ཁག་གསུམ་ལེན་དགོས་པ་དེ་དག་ནི་རིམས་ནད་དང་འབྲེལ་བ་ཡོད་པའི་གྲ་སྒྲིག་དང་ཁ་གཏད་གཅོག་ཐབས་དང་། མི་དང་སྲོག་ཆགས་དང་ས་གོ་ལའི་དབར་གྱི་འབྲེལ་བ་དང་དེ་བཞིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་རེད་ཅེས་བརྗོད་པ་རེད།

ཐན་ཏེ་སའེ་ཡིས་དེ་ཉིན་འཚོགས་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ལག་བསྟར་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་སྐབས་བསླབ་བྱ་ཁག་གསུམ་པོ་དེ་དག་མི་ཚང་མར་འཚམ་པ་དང་དེ་ནི་འབྱུང་འགྱུར་གྱི“སློབ་སྦྱོང་དང་། འཕོ་འགྱུར། གསར་གཏོད། འཚར་ལོངས་བཅས་ཚང་མར་མཁོ་བ་ཞིག་རེད”ཅེས་བརྗོད་པ་རེད།

དང་པོ། རིམས་ནད་ཁྱབ་ཆེ་རུ་འགྲོ་བར་གྲ་སྒྲིག་དང་ཁ་གཏད་གཅོག་པའི་ཐད་ཏོག་གསར་གློ་ཚད་ཀྱིས་འཛམ་གླིང་ཐོག་གི་འབྱོར་པ་ཆེ་ཤོས་དང་སྟོབས་འབྱོར་ཆེ་ཤོས་ཡིན་པའི་རྒྱལ་ཁབ་ཀྱང་ཧང་སངས་པ་དང་བྱ་དཀའ་བྱེད་གཏད་དུ་གྱུར་བ་བཟོས་པས་རྒྱལ་ཁབ་ཁག་གིས་འཕྲལ་སྡོམ་གྲ་སྒྲིག་ཐད་གཏོང་ཆ་གཏོང་ཤུགས་མི་འདང་བའི་གནད་དོན་ཡོངས་ཁྱབ་ངང་ལྷག་པ་གསལ་བཤད་ཐུབ་ཡོད། ཐན་ཏེ་སའེ་ཡིས་ཏོག་གསར་གློ་ཚད་ཁྱབ་མཆེད་ཆེན་པོ་བྱུང་བ་དེ་ཐོག་ནས་སྔོན་ཆད་རིགས་གཅིག་མཁས་ཅན་གྱིས་རྒྱལ་ཁབ་ཁག་གི་རིམས་ནད་སྔོན་འགོག་གི་གྲ་སྒྲིག་གནས་ཚུལ་ལ་གཞིགས་ནས་ཚོད་སྐོར་བྱས་ཏེ་ཁྱབ་གདལ་བཏང་བའི་རིམས་ནད་ལ་ཁ་གཏད་གཅོག་པའི་བྱེད་ཐབས་ཁ་ཤས་མངོན་གསལ་དོད་པོས་འདང་གི་མེད་པ་གསལ་བཤད་ཐུབ་ཡོད།

གཉིས་པ། མི་ཚོས་མིའི་རིགས་དང་། སྲོག་ཆགས། ས་གོ་ལ་བཅས་ཀྱི་བདེ་ཐང་དབར་འབྲེལ་བ་དམ་ཟབ་ཡོད་པ་ངོས་འཛིན་ཐུབ་པ་བྱེད་དགོས། ད་ཕན་ལོ་ཤས་རིང་གསར་དུ་ཤེས་རྟོགས་ཐུབ་པའི་ནད་ཡམས་70%ཡན་སྲོག་ཆགས་ནས་ཁྱབ་པ་དང་འབྲེལ་བ་ཡོད་སྟབས་ཐན་ཏེ་སའེ་ཡིས་རྒྱལ་ཁབ་ཁག་ལ་མིའི་རིགས་དང་། སྲོག་ཆགས། སྐྱེ་ཁམས་མ་ལག་བཅས་ཀྱི་དབར་གྱི་འབྲེལ་གཏུག་ཉེན་ཁ་རྩ་བའི་ཐོག་ནས་ལྟ་ཞིབ་ཚད་འཇལ་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མིའི་རིགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་དང་སྐུལ་འདེད་གཏོང་དགོས་པའི་སྐུལ་ལྕག་བྱས་པ་རེད། དུས་མཚུངས་ཁོང་གིས་མིའི་རིགས་དང་། སྲོག་ཆགས། ས་གོ་ལ་བཅས་དབར་གྱི་འབྲེལ་བར་ཤུགས་རྐྱེན་བཟོ་བའི་གནད་དོན་སྣ་ཚོགས་ཐག་གཅོད་བྱ་རྒྱུའི་རེ་འབོད་བྱས་པའི་ནང་ནགས་ཚལ་གཅོད་པ་དང་། ས་རྒོད་སློག་དྲགས་པ། ཁོར་ཡུག་སྦགས་བཙོག གནམ་གཤིས་འགྱུར་ལྡོག་སོགས་ཚུད་ཡོད་པ་རེད།

གསུམ་པ། འཛམ་གླིང་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སྟོབས་ཆེན་ཞིག་དགོས་ཀྱི་ཡོད་ཅིང་། ཐན་ཏེ་སའེ་ཡིས་ཁོངས་མིའི་རྒྱལ་ཁབ་ཁག་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་འབྱུང་འགྱུར་འཕྲད་པའི་འགལ་རྐྱེན་ཆེ་ཤོས་གྲས་ཤིག་ནི་རྒྱུན་མཐུད་ཆོག་པ་དང་སྔོན་དཔག་ཐུབ་པའི་མ་དངུལ་གྲབས་གསོག་བྱ་རྒྱུ་དེ་ཡིན་པའི་གཏན་འཁེལ་བྱས་ཡོད། དེར་བརྟེན་ཁོང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཐེབས་རྩ་ལྷན་ཚོགས་ཀྱིས་འབྱུང་འགྱུར་ལོ་གསུམ་ནང་ཐབས་ལམ་གསར་པར་བརྟེན་ནས་ཨ་སྒོར་དུང་ཕྱུར་10གྲབས་གསོག་བྱས་པ་དེའི་ཁྲོད་ཀྱི་70%ནས་80%འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་རང་ངོས་ལ་སྤྱོད་རྒྱུ་དང་དེ་བྱིངས་ཀྱི་མ་དངུལ་ཚང་མ་སྤྱི་པའི་འཕྲོད་བསྟེན་རྩ་འཛུགས་གཞན་དག་ལ་སྤྱོད་རྒྱུ་དང་གཙོ་གནད་དམངས་ཁྲོད་རྩ་འཛུགས་ལ་སྤྱོད་རྒྱུའི་བླང་བྱ་བཏོན་པ་རེད།

ཐན་ཏེ་སའེ་ཡིས་འཛམ་གླིང་ལ་སྔར་བྱུང་མ་མྱོང་བའི་ཉེན་ཁ་འཕྲད་བཞིན་ཡོད་མོད། ཡིན་ཡང་སྔར་བྱུང་མ་མྱོང་བའི་གོ་སྐབས་ཤིག་ཀྱང་འཕྲད་ཡོད་པ་སྟེ། “བདེ་ཐང་དེ་འཕེལ་རྒྱས་ཀྱི་རྩ་བར་གྱུར་པ་དང་དེའི་རྨང་གཞིའི་ཐོག་དེ་བས་བདེ་འཇགས་དང་དེ་བས་དྲང་གཞག་གི་འཛམ་གླིང་ཞིག་བསྐྲུན་རྒྱུ་དེ་རེད”ཅེས་བརྗོད་པ་རེད།

(བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)